འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་ཞི་རུའེ། ལི་ཨན་ཆི།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་07ཉིན། 10:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཚོགས་གནས་དང་བར་ཐག་སྤྱི་ལེ་10ཙམ་ཡོད་པའི་ཀྲུང་གོ(ཧའེ་ནན)ལྷོ་རྒྱ་མཚོ་རྟེན་མཛོད་ཁང་དུ“རྒྱ་མཚོ་གཉིས་འབྲེལ་བའི་ཤེས་དཔལ་ཏེ--དབྱི་ཐ་ལིའི་ཕུའུ་ལི་ཡའི་གནའ་རྫས་རྟོག་ཞིབ་རིག་དངོས་འགྲེམས་སྟོན”གཉེར་བཞིན་ཡོད་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། དབྱི་ཐ་ལི་ནས་འཁྱེར་བའི་རྩ་ཆེའི་རིག་དངོས་དེ་དག་དང་ཀྲུང་གོའི་གཅེས་ནོར་དེ་དག་འགྲེམས་ཁང་གཅིག་ཏུ་བཤམས་ནས་ཤེས་དཔལ་ཆེན་པོ་གཉིས་ཀྱི་ངོ་མཚར་མཉམ་འཛོམས་ཐོག་ནས་ཤེས་དཔལ་མི་འདྲ་བའི་བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ་དང་རྒྱན་ཐོག་རྒྱན་མཛེས་ཀྱི་མཛེས་སྡུག་མངོན་ཡོད།
ཟླ་3ཚེས་28ཉིན་གྱི་སྔ་དྲོར“ཤེས་དཔལ་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས་བསམ་ཤེས་དང་ཡིད་ཆེས་ལ་སྐུལ་འདེད་གཏོང་བའི”གྲལ་སྒོར་ཚོགས་འདུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2025ལོའི་ལོ་ཚོགས་རིང་འཚོགས་པ་རེད། ཚོགས་འདུར་ཞུགས་མཁན་སྐུ་མགྲོན་གྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་པ་དེས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རྒྱན་ཐོག་རྒྱན་མཛེས་ཀྱི་འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་སྐྲུན་པར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་ཡོད།
ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་མཱ་ཧུའེ་ཡིས“ཀྲུང་ཧྭའི་ཤེས་དཔལ་ནི་ཤེས་དཔལ་གཞན་དག་དང་རྒྱུན་ཆད་མེད་པར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་གྲུབ་པའི་སྒོ་དབྱེའི་མ་ལག་ཅིག་ཡིན་ཞིང་། ཕྱོགས་བསྡུས་མཉམ་འདུས་དང་དུས་ཡུན་རིང་ལ་རྣམ་པ་གསར་པ་ཞིག་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ནས་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་འདུ་ཤེས་དར་སྤེལ་བཏང་སྟེ་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་གཏུག་བརྒྱུད་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་གཏོང་འདོད་ཡོད”ཅེས་བརྗོད་པ་རེད།
2024ལོར་མཉམ་འབྲེལ་རྒྱལ་ཚོགས་སྐབས་དོན་བརྒྱད་པའི་ཚོགས་ཆེན་ཐོག་ཀྲུང་གོས་བཏོན་པའི་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་འཛུགས་རྒྱུའི་གྲོས་ཆོད་ལ་གྲོས་མོལ་བྱས་ནས་ཟླ་6ཚེས་10ཉིན་ནི་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀའེ·ལའེ་ཏེས“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་བཙུགས་པ་དེ་དུས་ལ་ཏག་ཏག་འཁེལ་ཡོད། མིའི་རིགས་ཀྱི་ཤེས་དཔལ་དར་རྒྱས་ཡོང་བ་ནི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་རང་བཞིན་དང་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་དགོས”ཞེས་བརྗོད་པ་རེད།
“ཤེས་དཔལ་ཐད་ཀྱི་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་འཛུགས་པར་དོན་སྙིང་གལ་ཆེན་ལྡན་པ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས་རྒྱལ་ཁབ་ཁག་གི་མི་མཐུན་པའི་ཕྱོགས་སེལ་བ་དང་ཡིད་ཆེས་བསྐྱར་དུ་འཕེལ་བར་བྱས་ཏེ་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྟེན་ནས་དངོས་འབྲེལ་བསྟུན་མཁས་དང་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོད”ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་མ་ལི་ཡ·ཧྥེར་ནན་ཏ·ཨའེ་སི་ཕི་ནོ་ས་ཡིས་བརྗོད་པ་རེད།
“ཤེས་དཔལ་དབར་མཐོ་དམན་གྱི་དབྱེ་བ་མེད་པས། ང་ཚོས་ཤེས་དཔལ་ཚང་མར་བརྩི་འཇོག་ཐོབ་པའི་འགན་ལེན་བྱེད་དགོས”ཞེས་ཧྥ་རན་སིའི་ཙུང་ལི་ཟུར་པ་ལཱ་ཧྥ་ལན་གྱིས་འདས་ཟིན་པར་བརྩི་འཇོག་དང་འབྱུང་འགྱུར་མཉམ་སྤྱོད་བྱ་རྒྱུ་ནི་ཤེས་དཔལ་གླེང་མོལ་གྱིས་དར་སྤེལ་གཏོང་དགོས་ངེས་ཀྱི་རྩ་བའི་རིན་ཐང་གཉིས་ཡིན་ཞེས་བརྗོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་དབྱི་ཐ་ལིའི་འཐུས་མི་མའོ་ལི་ཆི་ཨའོ·མ་ས་ལིས་ཚན་རྩལ་ཧུར་ཐག་སྤྱད་དེ་ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་གཏོང་བ་དང་མི་མཐུན་པའི་ཆ་སེལ་དགོས་པ་མ་ཟད། ད་དུང་ཤེས་དཔལ་སྤེལ་རེས་བྱེད་སྒོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་ཀྱི་ཞིབ་ཕྲའི་རྣམ་གྲངས་དང་སྦྲེལ་མཐུད་བྱས་ཏེ་ཤེས་དཔལ་ཐད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆོག་གི་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོའི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་ཡོན་ཀྲང་འཛམ་གླིང་ཟློས་གར་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི་ཝང་ཉིང་གིས་རིག་གནས་ལས་སྟེགས་ནི་ཤེས་དཔལ་གླེང་མོལ་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་སྒྱུ་རྩལ་བརྩམས་ཆོས་ནི་ཤེས་དཔལ་གླེང་མོལ་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན། “སྣ་མང་ཅན་གྱི་རིག་གནས་གྲུབ་འབྲས་དང་བསམ་བློའི་འདུ་ཤེས་ལ་འགྲེམས་སྟོན་གྱི་བར་སྟོང་དང་གླེང་མོལ་གྱི་གོ་སྐབས་ཡོད་དགོས་པ་དང་། རིག་གནས་སྒྱུ་རྩལ་གྱིས་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ”ཅེས་བརྗོད་པ་རེད།