འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

༄༅།།ཀྲུང་གོ་དང་ཧང་ག་རིའི་དཔལ་འབྱོར་མཉམ་འབྲེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ ཉེར་གཅིག་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 10:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི་གཞོན་པ་གཅིག་ལྕོགས་ལིང་ཅི་ཡིས་ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའི་པུའུ་ཀྲང་ཤིས་ཡར་ཏུའོ་དང་པུའུ་ཀྲང་གཞོན་པ་མའོ་ཅོར་དང་མཉམ་དུ་པུ་ཏ་ཕེ་སིར་ཀྲུང་ཧང་དཔལ་འབྱོར་མཉམ་འབྲེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་གཙོ་སྐྱོང་བྱས་པ་རེད།

    ལིང་ཅི་ཡིས་ཧང་ག་རི་ནི་ཀྲུང་གོས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཁྲོད་མ་འཇོག་བྱ་ཡུལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་པོའི་ཚོང་དོན་གྲུབ་ཆ་ལེགས་སུ་གཏོང་བ་དང་མ་འཇོག་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་གཉེར་སྐྱོང་འགན་ལེན་བྱས་ཏེ་ཀྲུང་ཧང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་འབྲས་རིམ་སྤོར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་གྲོས་མོལ་ཚོགས་འདུ་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་གལ་ཆེན་ལ་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ནི་ཧང་ག་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླ་གལ་ཆེན་དང་ཧང་ག་རིའི་ཕྱི་རྒྱལ་གྱི་མ་དངུལ་ཡོང་ཁུངས་གཙོ་བོའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས་ཀྲུང་གོའི་མ་འཇོག་གིས་ཧང་ག་རིའི་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་ཡར་ཐོན་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཧང་ག་རི་ཕྱོགས་ཀྱིས་སྤུས་ལེགས་ཀྱི་ཞིང་ལས་བཟའ་བཅའི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྨན་རྫས་བདེ་ཐང་དང་། མི་ཐབས་རིག་ནུས། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ལ། ཧང་ག་རིར་མ་འཇོག་བྱེད་མཁན་ཀྲུང་གོའི་ཁེ་ལས་ལ་སྒོ་དབྱེ་དང་། དྲང་གཞག སྟབས་བདེ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།