འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

༄༅།།ཐག་ཉེ་ས་ནས་ཀྲུང་གོའི་རིག་གནས་ཀྱི་ངོ་མཚར་ཤེས་ཚོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། པེ་ཀོང་ཏི། དབྱང་ཤུན། ཝང་ཏན།

    ཅང་སུའུ་སུའུ་ཀྲོའུ་ཡི་དར་གོས་རྟེན་མཛོད་ཁང་དུ་དར་སྐུད་ཀྱི་རླུང་གཡབ་སྒོར་སྒོར་ཞིག་དཀྲི་བ་དང་། ཧུའུ་ནན་ཧྥེང་ཧོང་གི་བཟོ་ཁང་རྙིང་པ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རས་སྔོ་ཁྲར་ཚོས་རྒྱག་པ། ཅང་ཤིས་ཅིང་ཏེ་ཀྲེན་གྱི་བསམ་བཀོད་ཚོང་འདུས་སུ་བློ་ལ་བབ་པའི་ལག་ཤེས་བཟོ་རྩལ་ཞིག་འདེམས་པ་ལ་སོགས། ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཐག་ཉེ་ས་ནས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་ཉམས་སུ་མྱངས་ཤིང་། དེའི་ཁྲོད་ཀྱི་ཀྲུང་གོའི་རིག་གནས་ཀྱི་སྙིང་དོན་མྱོང་ཚོར་བརྒྱུད་ནས་་ཡུལ་ཕྱོགས་གཅིག་གི་ས་ཆུས་བསྐྱངས་པའི་མི་ཚོའི་ཡུལ་སྲོལ་གོམས་འདྲིས་དང་བསམ་པའི་དུང་སེམས་ཤེས་ཚོར་བྱེད་བཞིན་ཡོད།

     ཅང་སུའུ་སུའུ་ཀྲོའུ་རུ།

    “མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དང་རྒྱལ་མཚམས་འཛུལ་ནས་་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱས་པ”

    སུའུ་ཀྲོའུ་ཡི་དར་གོས་རྟེན་མཛོད་ཁང་གི་མགྲོན་བསུ་ཁང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་བཅུ་ལྷག་ཙམ་གྱིས་ཀྲུང་གོའི་དགེ་རྒན་གྱི་མཛུབ་ཁྲིད་འོག་མངོན་མིན་རིག་གནས་ཤུལ་བཞག་སྟེ། དར་སྐུད་ཀྱི་རླུང་གཡབ་སྒོར་སྒོར་བཟོ་བཞིན་ཡོད་ཅིང་། དར་འབུའི་སྒོང་ཤུབས་བཙོ་བ་དང་། དར་སྐུད་སྒྲུག་པ། རླུང་གཡབ་དཀྲི་བ་ལ་སོགས་ལས་རིམ་ཧྲིལ་པོ་ཉམས་སུ་མྱངས་རྗེས། ཕྱི་རྒྱལ་གྱི་ཡུལ་སྐོར་བས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དེར་གསར་དུ་རྒྱུས་མངའ་ལོན་ཡོད།

    “ངས་རླུང་གཡབ་དེ་ཨ་རིར་འཁྱེར་གྱི་ཡིན”ཨ་རིའི་མ་ལི་ལན་ཀྲོའུ་ནས་ཡིན་པའི་ཁེ་ལི་ཡཱ་ཡིས་སྨྱན་སྦྱོར་ནས་སུའུ་ཀྲོའུ་དར་གོས་རྟེན་མཛོད་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཉམས་ལེན་ལ་ཤེས་རྟོགས་ཐུབ་འཕྲལ་ལམ་སེང་མིང་ཐོ་བཀོད་པ་རེད།

    “ཨ་མ་ལགས། ངས་བཟོས་པའི་རླུང་གཡབ་སྙིང་རྗེ་པོ་འདུག་གམ”ཁེ་ལི་ཡཱའི་ལོ་9ལ་སླེབས་པའི་བུ་ནུའོ་ཨཱ་རླུང་གཡབ་བཟོ་བར་ཧ་ཅང་དགའ་པོ་བྱེད་ཅིང་། ཁོ་པས་ད་ཐེངས་ནི་རང་ཉིད་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན་ལ། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གིས་ངར་བབ་ཆགས་ཟབ་མོ་བཞག་བྱུང་ཞེས་བཤད།

     ཙོའུ་ཡུས་ཅཱ་ནི་སུའུ་ཀྲོའུ་དར་གོས་རྟེན་མཛོད་ཁང་གིས་གདན་དྲངས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་དཔྱད་རིག་པའི་སློབ་གསོ་བ་ཡིན་པ་དང་། རྟག་ཏུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྒྲིག་འཛུགས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱེད་པ་ཡིན། ཁོང་གིས“ཕྱི་རྒྱལ་གྱི་ཡུལ་སྐོར་བས་རང་ངོ་མས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཟོག་བཟོ་རྒྱུར་དགའ་པོ་བྱེད་ལ། དེ་ནི་ང་ཚོས་ད་ལྟ་འབད་བརྩོན་བྱེད་བཞིན་པའི་དེ་བས་དགོད་བྲོ་བའི་ཉམས་ལེན་རྣམ་གྲངས་བཏོད་དེ། ཡུལ་སྐོར་བའི་མངོན་མིན་རིག་གནས་ཤུལ་བཞག་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་སྤྲོ་སྣང་སྐྱེད་པའི་ལས་ཀའི་གཙོ་གནད་ཀྱང་ཡིན་”ཞེས་བཤད།

    ཧུའུ་ནན་ཧྥེང་ཧོང་དུ།

     “རས་སྔོ་ཁྲའི་སྟེང་གི་འགྱུར་བ་མང་བའི་ཐིག་རིས་དེར་ངོ་མཚར་ཆེ་བའི་ཡིད་དབང་འཕྲོག་ཤུགས་ཤིག་མཆིས”

    རི་བོ་སྔོན་པོས་ར་བ་སྐོར་བ་དང་གཙང་ཆུ་དལ་བུར་རྒྱུག་པ་ལས་ཧྥེང་ཧོང་གནའ་གྲོང་ལ་སྒེག་ཉམས་ཤིག་བསྣན། གནའ་ཉམས་དོད་པའི་རྡོ་གཅལ་ལམ་དུ་འཆམ་འཆམ་བྱེད་པ་དང་གཙང་རྒྱུད་དུ་བསྐྲུན་པའི་ཁང་པར་ལྟ་བ། ལོ་རྒྱུས་ཀྱི་སྙིང་དོན་ཉམས་སུ་མྱོང་བ། རིག་གནས་ཀྱི་རིན་ཐང་ཤེས་ཚོར་བྱེད་པ་བཅས། ཧུའུ་ནན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་རུ་གནས་པའི་གྲོང་ཁྱེར་ཆུང་ངུ་དེས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་བཅུད་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་འདྲིས་ལ་བརྟེན་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཀྲུང་གོའི་མཛེས་ལྗོངས་ལ་ལྟ་བ་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་པའི་ཡུལ་སྐོར་དམིགས་ས་གཙོ་བོར་གྱུར་ཡོད།

    རས་སྔོ་ཁྲར་ཚོས་རྒྱག་པའི་སྒྱུ་རྩལ་དང་། ཚོན་གཙགས། ཤང་ཤིས་མེའོ་རིགས་ཀྱི་ཕར་ཆིན་ལ་སོགས་ཧྥེང་ཧོང་གནའ་གྲོང་ལ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཡོད་ཅིང་། མངོན་མིན་རིག་གནས་ཤུལ་བཞག་གི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། “ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང་དེར་ང་ཚོར་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་སུ་མྱོང་རྒྱུ་བྱུང”ཞེས་སུའེ་ཙེར་ནས་ཡོང་པའི་ཡུལ་སྐོར་བ་ཧྥུའོ་ལི་ཚེས་བཤད།

    ཅང་ཤིས་ཅིང་ཏེ་ཀྲེན་དུ།

    “འཚོ་བའི་མྱོང་བ་ཟབ་པའི་སྲང་ལམ་དུ་ང་ཚོས་ལག་ཤེས་སྒྱུ་རྩལ་པ་ཚོ་དང་ངོ་གདོང་ཐུག་འཕྲད་ངང་སྤེལ་རེས་བྱེད་ཆོག་གི་འདུག”

    ཐའོ་དབྱང་ལི་མཛེས་ལྗོངས་ཁུལ་དུ་གནའ་ཤུལ་མང་པོ་ནས་རྫ་ཆས་ཀྱི་རིག་གནས་ལོ་རྒྱུས་ཤེས་ཚོར་ཐུབ་པ་དང་། སྲང་ལམ་གཡས་གཡོན་གྱི་སོ་ཕག་ལས་ལོ་རྒྱུས་ཀྱི་རྗེས་ཤུལ་ངང་གིས་ཚོར། རྫ་ཆས་རྟེན་མཛོད་ཁང་དུ“རྫ་ཆས་གྲོང་ཁྱེར་གྱི་ལོ་ངོ་སྟོང”གི་འགྲེམས་སྟོན་ནས་ཅིང་ཏེ་ཀྲེན་གྱི་རྫ་ཆས་ཀྱི་རྩེར་སོན་ལག་རྩལ་ཐད་ཀར་ཉམས་ལེན་ཐུབ་པ་ལ་སོགས། ཅིང་ཏེ་ཀྲེན་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་རྫ་ཆས་ཀྱི་རིག་གནས་ཚོར་ཐུབ།

    “ད་ཐེངས་ང་ཚོ་ཀྲུང་གོར་ཡོང་སྐབས་ཐོག་མར་ཅིང་ཏེ་ཀྲེན་དུ་ཡོང་བ་ཡིན”ཞེས་ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་བ་ཧྲི་ཏི་ཝུན·ཨན་ཏུང་ཉིས་གསར་འགོད་པར་བཤད་ཅིང་། ཁོང་གིས“ཅིང་ཏེ་ཀྲེན་ནི‘ལོ་ངོ་སྟོང་གི་རྫ་ཆས་གྲོང་ཁྱེར’

    ཡིན་པ་མིང་དོན་མཚུངས་པ་ཞིག་འདུག”ཅེས་བཤད།

    མིང་དང་ཆིང་རྒྱལ་རབས་ཀྱི་རྫ་ཆས་བཟོ་ཁང་འདུས་ཁུལ་དུ་སྐྱོད་སྐབས། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་སྲོལ་རྒྱུན་གྱི་རྫ་ཆས་བཟོ་རྩལ་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། ཧིན་རྡུ་ཉི་ཞི་ཡའི་ཡུལ་སྐོར་བ་ཐུའུ་ཏིས་གསར་འགོད་པར། ད་ཐེངས་ནི་ཅིང་ཏེ་ཀྲེན་ལ་ཡོང་ཐེངས་དང་པོ་ཡིན། དངོས་གནས་ཧང་སངས་སོང་། དེ་སྔོན་ཧིན་རྡུ་ཉི་ཞི་ཡའི་མཚོ་ཁོངས་སུ་ནུབ་པའི་གནའ་བོའི་གྲུ་གཟིངས་ཤིག་ནས་ཀྲུང་གོའི་རྫ་ཆས་རིག་དངོས་མང་པོ་རྙེད་པ་དེས‘ལོ་ངོ་སྟོང་གི་རྫ་ཆས་གྲོང་ཁྱེར’ལ་ཧང་སངས་པ་དང་ཡིད་སྨོན་ཆེན་པོ་སྐྱེས་བྱུང་། ད་ཐེངས་དངོས་གནས་དེའི་ངོ་མཚར་ཤེས་རྟོགས་ཐུབ་བྱུང་ཞེས་བཤད།

    ལོ་ངོ་སྟོང་གི་རྫ་ཆས་བཟོ་ཡུལ་དུ་དངོས་སུ་བསྐྱོད་ནས་ཉམས་པ་མེད་པར་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཏམ་རྒྱུད་ཚོར་བར་བྱེད། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་པོ་ཀྲུང་གོར་ཡོང་བ་ནི། ཡུལ་སྐོར་ཁོ་ན་ཙམ་མ་ཡིན་པར་ཀྲུང་གོའི་རིག་གནས་ལའང་ཉམས་ལེན་ཟབ་མོ་བྱེད་བཞིན་མཆིས།