གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 15:40】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཁ་ན་ཏའི་ནོར་སྲིད་པུའུ་ཡིས་ཚེས་8ཉིན་ཨ་རིའི་རླངས་འཁོར་ལ་འདྲ་མཚུངས་ཀྱི་སྒོ་ཁྲལ་25%བསྡུ་བའི་བྱེད་ཐབས་དེ་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་ཀླད་ཀོར་དང་སྐར་མ་1གི་ཐོག་ནས་གོ་ཆོད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།
ཧ་ཧྥོ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་དང་། ཨ་རིའི་ནོར་སྲིད་པུའུ་ཡི་འགོ་འཛིན་ཟུར་པ་ལའོ་ལུན་སི་·ས་མོ་སིས་ཐ་ཚིག་བསྒྲགས་དོན། ཐེ་རོན་ཕུ་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྒོ་ཁྲལ་འཇལ་ཐབས་ཀྱི་དབང་གིས་ད་ལྟ་ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་ཁ་ཕྱོགས་བཞིན་ཡོད་པ་དང་། ཨ་རི་བ་ཁྲི་200ཙམ་གྱི་ལས་ཀ་ཤོར་སྲིད་པས། ཁྱིམ་ཚང་རེར་ཉུང་མཐར་ཡང་ཡོང་འབབ་ཨ་སྒོར་5000གི་གྱོང་གུན་འཕྲད་སྲིད་ཅེས་བཤད།
ཁ་ན་ཏའི་ནོར་སྲིད་པུའི་པུའུ་ཀྲང་ཧྲང་ཕུང་ཧྥེ་ཡིས། ཨ་རིས་ཁ་ན་ཏར་བསྡུས་པའི་ལུགས་དང་མི་མཐུན་པའི་སྒོ་ཁྲལ་ཚང་མར་ཁ་ན་ཏས་མུ་མཐུད་ཨ་ལན་ནུས་ལྡན་སློག་རྒྱུ་ཡིན་ཞེས་བཤད། ཁ་ན་ཏའི་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཨ་རིའི་སྒོ་ཁྲལ་དེ་དག་གང་མགྱོགས་མེད་པར་བཟོ་བའི་འབད་བརྩོན་བྱས་ཏེ་ཁ་ན་ཏའི་བཟོ་པ་དང་། ཁེ་ལས། དཔལ་འབྱོར། བཟོ་ལས་བཅས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
ཧྲང་ཕུང་ཧྥེ་ཡིས། ཁ་ན་ཏ་ཡིས་རླངས་འཁོར་ཐོན་སྐྱེད་ཚོང་པར་དམིགས་ནས་ཆག་ཡང་དང་རྩ་ཆག་གཏོང་བའི་ཇུས་གཞི་ལག་བསྟར་བྱས་ཏེ། རླངས་འཁོར་ཐོན་སྐྱེད་ཚོང་པས་ཁ་ན་ཏར་ཐོན་སྐྱེད་དང་དངུལ་འཇོག་གི་སྐུལ་མ་གཏོང་བ་དང་འབྲེལ་ཁ་ན་ཏའི་ལས་ཞུགས་ལས་གནས་རྒྱུན་འཁྱོངས་བྱེད་རོགས་བྱ་རྒྱུ་ཡིན་ཞེས་ཀྱང་བཤད།