གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 15:53】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ཨ་རིས་སྒོ་ཁྲལ་ཆེས་ཆེར་སྣོན་བསྡུ་བྱེད་ཐབས་ཀྱིས་“གོ་ལ་ཧྲིལ་པོར་རླུང་འཚུབ”བསླངས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དེ་རིང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཉོ་ཚོང་འཐབ་འཁྲུག་གི་ཤུགས་རྐྱེན་ཧ་ཅང་མི་བཟང་བ་དང་། དེའི་ཁྲོད་རྒྱལ་ཁ་ཐོབ་མཁན་མེད་ལ་ཚང་མ་ཕམ་མཁན་དེ་ཡིན། སྒོ་ཁྲལ་སྣོན་བསྡུ་བྱས་ན་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་སྤྱི་དང་། ལྷག་པར་དུ་ཆེས་ཉམས་ཞན་གྱི་རྒྱལ་ཁབ་ལ་གནོད་འཚེ་བཟོ་སྲིད་པ་མ་ཟད། རྨེག་མེད་རང་བཞིན་གྱི་མཇུག་འབྲས་ཀྱང་ཐོན་སྲིད་ཅེས་བསྟན་པ་རེད།
ཁོང་གིས་སེམས་གཏིང་ནས་གོ་ལ་ཧྲིལ་པོ་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནས་སུ་མི་ལྷུང་བའི་རེ་བ་བྱེད་ཀྱི་ཡོད་པ་དང་། རྒྱུ་མཚན་ནི་དེ་ཡིས་ཞོར་འབྲེལ་དོན་རྐྱེན་ཚབས་ཆེན་བཟོ་སྲིད་པ་དང་། ལྷག་པར་དུ་གོ་ལ་ཧྲིལ་པོའི་ཆེས་དབུལ་པོའི་མི་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་སྲིད་ཅེས་བསྐྱར་བསྒྲགས་གནང་བ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་འཕེལ་རྒྱས་ཚོགས་འདུའི་རྩ་འཛུགས་ཀྱིས་ནན་བཤད་བྱས་དོན། འཕར་ཚད་དམའ་བ་དང་བུ་ལོན་མཐོ་བའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁོར་ཡུག་ཁྲོད། སྒོ་ཁྲལ་མཐོ་རུ་བཏང་ན་མ་དངུལ་འཇོག་པ་དང་ཉོ་ཚོང་འཁོར་རྒྱུག་ཇེ་ཞན་དུ་འགྲོ་སྲིད་པ་དང་། མ་གཞི་ནས་ཉམས་ཞན་དུ་གྱུར་པའི་དཔལ་འབྱོར་གནས་སྟངས་ལ་ངེས་གཏན་མེད་པའི་རང་བཞིན་ཁ་སྣོན་བྱེད་སྲིད་པ་མ་ཟད། ཚོང་རའི་ཡིད་ཆེས་ཉམས་ཞན་དུ་གཏོང་བ་དང་། མ་དངུལ་འཇོག་པའི་འཕེལ་རིམ་ཇེ་དལ་དུ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཇིགས་སྣང་སྐུལ་སྲིད། ཆེས་ཉམས་ཞན་གྱི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་ཉོ་ཚོང་དོ་མི་མཉམ་པའི་འགན་འཁྲི་ཆུང་ཤོས་དང་འགྲན་རྒོལ་བྱེད་ནུས་ཞན་ཤོས་ཡིན་མོད། འོན་ཀྱང་རིན་དོད་ཧ་ཅང་ཆེན་པོ་འཁུར་རྒྱུ་རེད།