ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་མཱ་ཧྥེ་ཐེང་འོད་ཤུགས་གློག་ཁང་གིས་ལེ་སི་ཐོ་ཡི་16.6%ཙམ་གྱི་གློག་ཤུགས་དགོས་མཁོ་བསྐངས་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཏའེ་ཁའེ་རན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 09:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ལེ་སི་ཐོ་ཡི་རྒྱལ་ས་མ་སེ་རུ་ཡི་ལྷོ་ནུབ་ཁུལ་དུ་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་མཱ་ཧྥེ་ཐེང་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་ལེ་སི་ཐོ་ཡི་དམངས་ཚོགས་ལ་གློག་དེ་བས་བརྟན་པོ་མཁོ་འདོན་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད།
ནུས་རྒྱུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པས་གློག་ཤུགས་མི་འདང་བའི་གནད་དོན་ཞི་ལྷོད་དུ་ཕྱིན་པ།
མཱ་ཧྥེ་ཐེང་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་ཁུལ་དུ་སླེབས་སྐབས་ཐོག་མར་མིག་ལམ་དུ་འཆར་བ་ནི་གློག་སྒྱུར་ས་ཚུགས་གསར་རྐྱང་དེ་ཡིན་པ་དང་། དངུལ་མདོག་གི་གློག་ཤུགས་སྒྲིག་ཆས་རིམ་པ་སྟར་ཆགས་སུ་གནས་ཤིང་། གློག་སྒྱུར་ས་ཚུགས་འགྲམ་གྱི་རྣམ་གྲངས་གཞུང་ལས་ཁང་ནང་བཀོལ་སྤྱོད་བདག་སྐྱོང་པས་བརྙན་ཤེལ་མདུན་དུ་གློག་ཁང་གི་གློག་གཏོང་གནས་ཚུལ་ནན་ཏན་ངང་ཐོ་འགོད་བྱེད་བཞིན་ཡོད་པ་རེད།
ལེ་སི་ཐོར“རི་མཐོའི་རྒྱལ་ཁབ”ཅེས་པའི་མཚན་སྙན་ལྡན་པ་དང་དེར་ཉི་ནུས་དང་། ཆུ་ཤུགས། རླུང་ནུས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་རྒྱལ་ཁབ་དེའི་བཟོ་ལས་ཀྱི་རྨང་གཞི་ཅུང་ཞན་པ་དང་གློག་ཤུགས་40%ཙམ་ནང་འདྲེན་བྱེད་དགོས་ཀྱི་ཡོད། ལེ་སི་ཐོ་སྲིད་གཞུང་གིས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ནུས་རྒྱུ་རང་མཁོ་རང་སྤྲོད་ཐུབ་པའི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། མཱ་ཧྥེ་ཐེང་འོད་ཤུགས་གློག་ཁང་རྣམ་གྲངས་ནི་ལེ་སི་ཐོ་ཡི་འོད་ཤུགས་གློག་ཁང་རྣམ་གྲངས་ཆེ་གྲས་དང་པོ་དེ་ཡིན་པ་དང་། དེ་ནི་ལེ་སི་ཐོ་ཡིས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་རེད།
ལེ་སི་ཐོ་ཡི་དབུ་བཞུགས་བློན་ཆེན་མཱ་ཐེ་ཁའེ་ཨེན་གྱིས“མཱ་ཧྥེ་ཐེང་འོད་ཤུགས་གློག་ཁང་བདེ་བླག་ངང་སྤྱོད་འགོ་ཚུགས་པ་ནི་རྟེན་འབྲེལ་ཞུ་འོས་པའི་དོན་ཆེན་ཞིག་རེད། ནུས་རྒྱུ་ནི་ལེ་སི་ཐོ་ཡི་གལ་འགངས་ཤིན་ཏུ་ཆེ་བའི་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པས། ལེ་སི་ཐོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ནུས་རྒྱུ་རང་མཁོ་རང་སྤྲོད་བརྟན་པོ་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད། ལེ་སི་ཐོ་ཡི་རང་བྱུང་ཐོན་ཁུངས་ཀྱི་བློན་ཆེན་མོ་ལུའོ་སྨི·མོ་ལའེ་ཁོ་ཡིས་རྣམ་གྲངས་དེས་ལེ་སི་ཐོ་ཡི་གློག་སྤྱོད་གནོན་ཤུགས་ཧ་ཅང་ཆུང་དུ་ཕྱིན་པ་དང་གྲོང་མིའི་གློག་སྤྱོད་ཀྱི་མ་གནས་དང་གློག་ཆད་པའི་ཉེན་ཁ་ཆུང་དུ་ཕྱིན་ཡོད་ཅེས་བརྗོད།
འོད་ཤུགས་ཤེས་ལྡན་པ་གསོ་སྐྱོང་བྱས་པས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱུང་བ།
སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། ཀྲུང་གོ་ཕྱོགས་དང་ལེ་སི་ཐོ་ཕྱོགས་ཀྱི་བཀོལ་སྤྱོད་བདག་སྐྱོང་པས་འཆར་ཅན་གྱི་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་ཏེ་འོད་ཤུགས་ར་བའི་ཁུལ་ནས་གཞུང་ལས་ཁང་དུ་ལོག་པ་རེད། “ང་ལ་གནད་དོན་ཞིག་སྐད་ཆ་འདྲི་རྒྱུ་ཡོད” རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་བཀོལ་སྤྱོད་བདག་སྐྱོང་གི་ལག་རྩལ་ཆེ་མོ་བ་མོ་ཧ་ལི་དང་ཀྲུང་གོ་ཕྱོགས་ཀྱི་བཀོལ་སྤྱོད་བདག་སྐྱོང་པས་གློག་ནུས་བགོ་བཤའི་འབྲེལ་ཡོད་གནད་དོན་ལ་བགྲོ་གླེང་བྱེད་བཞིན་ཡོད་པ་རེད།
“འདི་ནི་ང་ནུས་རྒྱུ་གསར་པའི་རྣམ་གྲངས་ཆེ་གྲས་ནང་ཞུགས་ཐེངས་དང་པོ་ཡིན། ལས་ཀ་འདིར་ང་རང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག འོད་ཤུགས་གློག་ཁང་གཉེར་སྐྱོང་བྱས་ཚུན་རྒྱལ་ཡོངས་ཀྱི་16.6%ཙམ་གྱི་གློག་ཤུགས་དགོས་མཁོ་བསྐངས་ནས་ང་ཚོའི་འཚོ་བར་འོད་སྣང་མང་པོ་སྦྱིན་ཡོད”ཅེས་མོ་ཧ་ལི་ཡིས་བརྗོད།
ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་ཆེ་མོ་བའི་མཛུབ་ཁྲིད་འོག་མོ་ཧ་ལི་ཡིས་འོད་ཤུགས་གློག་གཏོང་གི་འབྲེལ་ཡོད་ལག་རྩལ་ཧུར་ཐག་སྦྱངས་པས་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱི་དོ་དམ་བྱེད་ཐབས་རིམ་བཞིན་ཁོང་དུ་ཆུད་ཡོད།“ཨར་ལས་འཛུགས་སྐྲུན་གྱི་དུས་མཚམས་སུ་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་ཆེ་མོ་བས་ང་རང་ལ་འོད་ཤུགས་ཤེལ་ལེབ་སྒྲིག་སྦྱོར་བྱེད་སྟངས་དང་གློག་ཤུགས་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་སྟངས་སོགས་བསླབས་བྱུང་། གཉེར་སྐྱོང་བདག་སྐྱོང་གི་དུས་མཚམས་སུ་སླེབས་རྗེས། ཀྲུང་གོ་ཕྱོགས་ཀྱི་ཚོགས་པའི་ཞིབ་ཚགས་པའི་དོ་དམ་བྱེད་སྟངས་ལས་ང་ལ་ཕན་པ་ཧ་ཅང་ཆེན་པོ་ཐོབ་བྱུང”ཞེས་མོ་ཧ་ལི་ཡིས་བརྗོད།
ལས་ཞུགས་ལས་གནས་མཁོ་འདོན་བྱས་པས་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་པ།
མཱ་ཧྥེ་ཐེང་འོད་ཤུགས་གློག་ཁང་ནི་མཱ་ཧྥེ་ཐེང་གྲོང་ཁུལ་དང་བར་ཐག་སྤྱི་ལེ་10ཙམ་ཡོད་པའི་ལཱ་མ་ལུའོ་ཐོ་ལེ་གྲོང་རྡལ་དུ་གནས་པ་དང་དེའི་མཐའ་འཁོར་དུ་གྲོང་ཚོ་མི་ཉུང་བ་ཞིག་ཡོད། གྲོང་རྡལ་དེའི་མཱ་ཁའེ་ནེང་གྲོང་ཚོ་ནས་གསར་འགོད་པར་འོད་ཤུགས་གློག་ཁང་གི་འཛུགས་སྐྲུན་ནང་ཞུགས་མྱོང་བའི་གྲོང་མི་ཨའོ་མཱ་ཐུག་བྱུང་།
“ང་རང་ཡང་གྲོང་ཚོའི་གྲོང་མི་གཞན་དང་མཉམ་དུ་གཞུང་ལས་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་དང་གློག་ཤུགས་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་ཀའི་ནང་ཞུགས་པ་ཡིན” ཨའོ་མཱ་ཡིས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་ལས་ཀ་དེས་ང་ལ་ཡོང་འབབ་མང་པོ་བྱུང་ནས་ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་ལེགས་སུ་གཏོང་ཐུབ་བྱུང་ཞེས་བརྗོད།
འོད་ཤུགས་གློག་ཁང་ལས་ས་གནས་དེ་གར་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས་ཨའོ་མཱ་ཡིས“ད་ཆ་གློག་ཆད་པ་ཉུང་ཉུང་རེད། གློག་བརྟན་པོ་ཡོད་པས་མཚན་མོར་ཡང་ཟ་ཁང་སྒོ་ཕྱེ་ཆོག ཚོང་པ་མང་པོ་ཞིག་གི་ཚོང་ཡང་ཡག་ཏུ་ཕྱིན་འདུག”ཅེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ལས་མི་1000ལྷག་ཙམ་ཨར་ལས་དང་། གློག་ཤུགས་སྒྲིག་སྦྱོར། སྒྲིག་ཆས་སྙོམས་སྒྲིག གཉེར་སྐྱོང་དོ་དམ་སོགས་ལས་རིགས་མང་པོར་བསྡུས་ཡོད། རྩལ་ནུས་གསོ་སྦྱོང་དང་ལས་གནས་ལག་ལེན་རབ་དང་རིམ་པ་སོགས་ཀྱིས་ལེ་སི་ཐོ་ཡི་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། རྒྱལ་ཁབ་དེའི་ནུས་རྒྱུ་གསར་པའི་ལས་རིགས་ལ་བྱང་ཆུབ་པའི་བཟོ་པ་འབོར་ཆེན་གསོ་སྐྱོང་ཡང་བྱས་ཡོད།
མཱ་ཧྥེ་ཐེང་གྲོང་ཁྱེར་གྱི་ཧྲེ་ཀྲང་ལའེ་ལུའོ་ཐུའོ་ལི·སའེ་དབྱི་སུའོ་ཡིས“ཀྲུང་གོའི་ཁེ་ལས་ཀྱིས་འོད་ཤུགས་གློག་ཁང་རྣམ་གྲངས་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཱ་ཧྥེ་ཐེང་ལ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཤར་ངེས་རེད”ཅེས་བརྗོད།