གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 10:00】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་བཞི་པའི་བོད་ལྗོངས་ནག་ཆུར་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་སྟེ་གང་སར་ཐལ་རླུང་འཚུབ་ནས་ངོ་གདོང་ལ་གྲང་ཟུག་རྒྱག
ཀྲོའུ་ཞུའེ་ཡིས་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་བྲེལ་འཚུབ་ངང་ནག་ཆུ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་ནས་ཉིན་དེའི་ལས་འགོ་བརྩམས་པ་དང་། བྱིས་པའི་ཕན་བདེ་ཁང་ཉེ་འགྲམ་གྱི་སྤྱི་པའི་བོགས་གཏོང་གཞུང་ཁང་དུ་སྡོད་པའི་ཀྲང་ཅིང་ཅིང་གིས་ཁ་ངོ་བཀྲུས་ནས་བསྡུ་གསོག་རོབ་ཙམ་བརྒྱབ་རྗེས་གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཁྱེར་ཨུ་ལྷན་གཞུང་ལས་ཁང་དུ་བསྐྱོད་ནས་བྲེལ་འཚུབ་ཀྱི་ལས་ལ་གཞོལ་འགོ་ཚུགས།
འདི་ནི་2025ལོའི་ཟླ་3ཚེས་17ཉིན་ཀྲོའུ་ཞུའེ་ཡིས་བྱིས་པའི་ཕན་བདེ་ཁང་དུ་ཕྲུ་གུ་ཚོ་དང་སྙིང་གཏམ་ཤོད་རེས་བྱས་ནས་ཁོ་ཚོའི་སློབ་གྲྭའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
2016ལོར། ལོ་22ལ་སླེབས་པའི་ཀྲའོ་ཞུའེ་སློབ་ཆེན་ནས་མཐར་ཕྱིན་རྗེས། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་བྱས། ལེའོ་ཉིང་གི་པིན་ཞི་ནས་ནག་ཆུར་འོང་སྟེ་དེ་གར་གཞིས་ཚུགས་པ་དང་། 2023ལོར་ཡུན་ནན་དབྱི་རིགས་ཀྱི་བུ་མོ་ཀྲང་ཅིང་ཅིང་ཡང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་ནག་ཆུ་གྲོང་ཁྱེར་དུ་རང་ཉིད་ཀྱི་ལང་ཚོའི་ཕུགས་འདུན་འགྲུབ་པར་འོང་།
འདི་ནི་2024ལོའི་ཟླ་8ཚེས་31ཉིན་ཀྲང་ཅིང་ཅིང་གིས་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་སྣེ་ཁྲིད་དེ་བྱིས་པའི་ཕན་བདེ་ཁང་དུ་ཕྲུ་གུ་ཚོ་དང་རིག་སྐྱེད་རོལ་རྩེད་རྩེ་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
ཉིན་ལྟར་ཞོགས་པ་བྱིས་པའི་ཕན་བདེ་ཁང་དུ་སླེབས་རྗེས། ཀྲོའུ་ཞུའེ་ཡིས་སྔོན་ལ་ཕྲུ་གུ་ཚོའི་ཉལ་ཁང་ལ་སྐོར་གཡེང་བྱེད་པར་འགྲོ་བ་དང་། དེ་ནས་གཞུང་ལས་ཁང་དུ་འོང་ནས་རྒྱུན་གཏན་གྱི་ལས་ཀ་བྱེད་ཀྱི་ཡོད།
“རྒན་ལགས། དེ་རིང་ང་ངོ་རྒྱུགས་གཏོང་བར་ཕྱིན་པ་ཡིན། སྡོད་ས་དང་ལྟོ་ཆས་ཚང་མ་ཁོང་ཚོས་ཐག་གཅོད་བྱེད་ཀྱི་འདུག”ཅེས་པའི་ཆ་འཕྲིན་ཞིག་ཀྲོའུ་ཞུའེ་ཡི་ལག་ཐོགས་ཁ་པར་ལ་སླེབས་པ་དང་། དེ་ནི་དེ་སྔོན་ཕན་བདེ་ཁང་དུ་འཚོ་བ་སྐྱེལ་མྱོང་ཞིང་ད་ཆ་ལྷ་ས་དགེ་འོས་སློབ་གླིང་འགྲིམ་བཞིན་པའི་དྭ་ཕྲུག་ཅིག་གིས་བསྐུར་བའི་གཏམ་བཟང་ཡིན་ཞིང་། དྭ་ཕྲུག་དེ་སློབ་གྲྭ་ཐོན་གྲབས་ཡོད་པས་ད་ཆ་ལས་ཀ་འཚོལ་བཞིན་ཡོད།
ཕན་བདེ་ཁང་ནི་ནམ་ཡང་ཕྲུ་གུ་ཚོའི་ཁྱིམ་ཡིན་པ་དང་། ལས་དོན་པ་ཚང་མ་ཕྲུ་གུ་ཚོའི་ཁྱིམ་བདག་རེད། “ལས་ཀ་དང་། འཚོ་བ། སློབ་སྦྱོང་བཅས་གང་གི་ཐད་ལའང་ཁོ་ཚོས་འཕྲལ་མར་ང་ལ་འབྲེལ་བ་བྱེད་ཀྱི་ཡོད”ཅེས་རང་ཉིད་ཀྱིས་འགན་འཁུར་བའི་ཕྲུ་གུ་ཚོའི་སྐོར་གླེང་སྐབས་ཀྲོའུ་ཞུའེ་ཡིས་སྐད་ཆ་ནས་ལྷད་མེད་ཀྱི་བརྩེ་བ་མངོན་བཞིན་མཆིས།
འདི་ནི་2025ལོའི་ཟླ་3ཚེས་17ཉིན་ཀྲོའུ་ཞུའེ་ཡིས་བྱིས་པའི་ཕན་བདེ་ཁང་གི་ཉལ་ཁང་དུ་སྐོར་གཡེང་བྱེད་བཞིན་པ། (བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་རིས་མཁོ་འདོན་བྱས)
ཀྲོའུ་ཞུའེ་དང་བཟའ་ཟླ་དགའ་དོན་གཉིས་པོ་དང་ཐོག་ཕན་བདེ་ཁང་དུ་ངོ་ཤེས་པ་དང་། བློ་སེམས་མཐུན་པའི་ཁོང་གཉིས་པོ་རིམ་བཞིན་བརྩེ་དུང་ཆགས་ཏེ་འཇིག་རྟེན་མཐུན་འཇུག་གི་ལམ་དུ་ཞུགས། བཟའ་ཟླའི་སྐོར་གླེང་སྐབས། ཀྲོའུ་ཞུའེ་ཡིས“ནག་ཆུར་སྡོད་རིང་། ངེད་གཉིས་ལ་བྱ་གཞག་དང་བརྩེ་དུང་གཉིས་ཀ་བྱུང་ལ། ད་དུང་གཅེས་པར་འོས་པའི་ཕྲུ་གུ་གཉིས་ཀྱང་བྱུང”ཞེས་ངག་འཇམ་པོའི་ངང་བཤད།
2016ལོར་ཕན་བདེ་ཁང་དུ་ཐོག་མར་ལས་ཀ་བྱེད་སྐབས། ཀྲོའུ་ཞུའེ་ཡིས་རང་རྟོགས་ངང་ལོ་10མན་གྱི་ཕྲུ་གུའི་འཕྲོད་སྦྱོར་དང་སློབ་གསོའི་ལས་ཀའི་འགན་ལྗི་པོ་ཁུར་ཞིང་། ཁོང་གིས“དེ་དུས་ངས་ལྟ་རྟོག་བྱེད་པའི་ཕྲུ་གུ་ཕལ་མོ་ཆེ་སློབ་ཆུང་འགྲིམས་ཀྱི་ཡོད། ཡིན་ནའང་ཕྲུ་གུ་ཁག་ཅིག་ཟླ་བ་ཁ་ཤས་ལས་སླེབས་མེད”ཅེས་བཤད།
སློབ་གྲྭ་ཐོན་མ་ཐག་པའི་ཀྲོའུ་ཞུའེ་ལ་ཕྲུ་གུར་ལྟ་རྟོག་བྱེད་པའི་ཉམས་མྱོང་མེད་ནའང་། ཁོང་གིས་རང་འགུལ་ངང་སྨན་གཡོག་པའི་ས་ནས་ཕྲུ་གུ་སྒྲིལ་སྟངས་དང་། འོ་རྩམ་སྦོང་སྟངས། ཆུ་གདན་བརྗེ་སྟངས་བཅས་སྦྱངས་པ་རེད།
ཀྲོའུ་ཞུའེ་ཡི་བློ་ངོར་ད་ལྟའང་2016ལོའི་དགུན་དུས་ཀྱི་གནས་ཚུལ་ཞིག་དྲན་བཞིན་ཡོད་དེ། ཉིན་ཞིག་གི་ཐོ་རེངས་ལ་ཁོང་གིས་ལྟ་རྟོག་བྱེད་པའི་ཕྲུ་གུ་གདང་ལ་ལྷ་མོར་གློ་བུར་དུ་ཚ་བ་ཆེན་པོ་བརྒྱབ། “དེ་དུས་ཚ་བ་དེ་འདྲ་བརྒྱབ་ན་ཉེན་ཁ་ཆེན་པོ་ཡོད་པས། འཕྲལ་མར་སྨན་ཁང་དུ་ཁྲིད་དེ་སྨན་ཁབ་རྒྱག་པ་དང་། སྨན་སྟེར་བ། གཟུགས་པོའི་རྔུལ་ནག་འཕྱི་བ་བཅས་བྱས་པ་ཡིན། ཕྲུ་གུའི་གཟུགས་པོའི་དྲོད་ཚད་མར་ཆག་རྗེས་གཞི་ནས་སེམས་ཀྱི་རྡོག་ཁྲེས་དེ་ལྷོད་ལ་བབས་སོང”ཞེས་ཀྲོའུ་ཞུའེ་ཡིས་ཕྱིར་དྲན་བྱེད་བཞིན་བཤད།
ཀྲོའུ་ཞུའེ་ཡིས་སློབ་ཆུང་འགྲིམ་བཞིན་པའི་ཕྲུ་གུར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་ཁྲིད་སྟོན་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་འགན་ཞིག་ལ་བརྩི་ཡི་ཡོད།
“ངས་རྟག་ཏུ་ཕྲུ་གུའི་སློབ་སྦྱོང་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱི་ཡོད་ལ། ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱས་ན་གཞི་ནས་མི་ཚེའི་འགྲོ་ལམ་ཡག་པོ་ཞིག་ཏུ་སྐྱོད་ཐུབ་པའི་ལྕག་སྐུལ་གཏོང་གི་ཡོད”ཅེས་ཀྲོའུ་ཞུའེ་ཡིས་བཤད་པ་དང་། ཁོང་གིས་ཕྲུ་གུ་ཚོར་ལྷག་བསམ་རྣམ་དག་གི་སེམས་ཁུར་བྱས་པར་ཕྲུ་གུ་ཚོའི་ཡིད་ཆེས་ཐོབ་ནས་རིམ་བཞིན་ཁོང་ལ“ཨ་མ་ཀྲོའུ་ཞུའེ་ལགས”ཞེས་འབོད་ཀྱི་ཡོད།
“ནུབ་རྒྱུད་དུ་བསྐྱོད་དགོས་པ་མ་ཟད། མེས་རྒྱལ་གྱི་དགོས་མཁོ་ཆེ་སར་དེ་བས་བསྐྱོད་དགོས” 2023ལོའི་དབྱར་ཁར། ལོ་22ལ་སླེབས་པའི་ཀྲང་ཅིང་ཅིང་ཀྲེ་ཅང་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་ཏེ། ཀྲོའུ་ཞུའེ་དང་འདྲ་བར་དགའ་ཚོར་ཆེན་པོས་བྱང་ཐང་ས་མཐོར་འོང་སྟེ་ས་གཞི་འདིར་གསོན་ཤུགས་འཕེལ་བར་བྱས།
དང་བླངས་པ་ཞིག་གི་ངོས་ནས། ཀྲང་ཅིང་ཅིང་གིས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ན་བྱ་བ་དེ་བས་མང་པོ་སྒྲུབ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཁོང་གིས་འདྲི་ཤོག་བཟོས་ནས་ནག་ཆུའི་དང་བླངས་པ་གཞན་དག་གི་བསམ་འཆར་བསྡུ་ལེན་བྱས་པ་དང་། དང་བླངས་པའི་ཆ་འཕྲིན་ཡིག་ཚགས་ལེགས་སུ་བཏང་བ་མ་ཟད། ཚང་མའི་ཆེད་ལས་ཀྱི་ལེགས་ཆ་དང་ཞབས་ཞུའི་ཁྱབ་ཁོངས་སོགས་ལ་གཞིགས་ནས་རིགས་ཀྱང་ཕྱེ་ཡོད། དེའི་རྨང་གཞིའི་ཐོག་ཁོང་གིས་དང་བླངས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དཔེར་ན། སྡེ་ཁུལ་དུ་བསྐྱོད་ནས་ཞབས་འདེགས་ཞུ་བ་དང་། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ནང་ཞུགས་པ། སྨན་ཁང་དུ་བསྐྱོད་ནས་སེམས་རྩ་འཁོལ་པོས་ལམ་སྟོན་བྱེད་པ་སོགས་ཡིན།
2024ལོའི་ཟླ་8པར། ཀྲང་ཅིང་ཅིང་གིས་ཀྲོའུ་ཞུའེ་དང་འབྲེལ་བ་བྱས་རྗེས་དང་བླངས་པ་སྒྲིག་འཛུགས་བྱས་ནས་བྱིས་པའི་ཕན་བདེ་ཁང་དུ་སྤྱི་ཕན་བྱེད་སྒོ་ཞིག་སྤེལ་ཞིང་། དང་བླངས་པ་རྣམས་ཀྱིས་བྱིས་པ་ཚོ་དང་གླེང་མོལ་བྱེད་པ་དང་། རོལ་རྩེད་རྩེ་བ་སོགས་བྱས་ནས་ཕྲུ་གུ་ཚོའི་གཏམ་རྒྱུད་ཉན་པ་རེད།
ད་ལོའི་ཟླ་2པར། དང་བླངས་པ་རྣམས་ཀྱིས་སློབ་སྐྱོར་རུ་ཁག་བཙུགས་ནས་སླར་ཡང་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་དེ། དགུན་ཁའི་གུང་གསེང་རིང་ཕྲུ་གུ་ཚོར་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སྤེལ་ཞིང་། ཀྲང་ཅིང་ཅིང་གིས“ང་ཚོས་ས་ཡོམ་གྱི་འཕྲལ་སྡོམ་ནང་སྦྱོང་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱའི་འཆད་ཁྲིད། དུག་འགོག་ཨེ་འགོག་གི་འཆད་ཁྲིད་སོགས་བྱས་ནས་ཁོ་ཚོས་སྤྱོད་གོ་ཆོད་པའི་ཤེས་བྱ་དང་རྩལ་ནུས་ཁག་གཅིག་ཤེས་ཐུབ་པ་བྱས་ཡོད”ཅེས་བཤད་པ་རེད།