འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།ཀྲུང་ལེའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 13:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    དབྱང་ཞའོ་ཁུན།

    ཉིན་ཤས་གོང་། ལེ་སི་ཐོ་སྲིད་གཞུང་གི་གདན་ཞུས་ལྟར་ང་དང་ལེ་སི་ཐོ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ལས་མི་དང་། ལེ་སི་ཐོ་རུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས། ཕྱིར་སྡོད་རང་མིའི་རིགས་ཁོངས་ཀྱི་འཐུས་མི་བཅས་30ལྷག་ཙམ་རྒྱལ་ཁབ་དེའི་ལོ་གཅིག་དུས་གཅིག་གི་མོ་ཧྲུའུ་ཧྲུའུ་རྐང་ཐང་ཕྱིར་སྐྱོད་བྱེད་སྒོར་ཞུགས་པ་ཡིན། དུས་ཡུན་ཉིན་གསུམ་གྱི་རྐང་ཐང་ཕྱིར་སྐྱོད་བྱེད་སྒོ་དེ་2007ལོར་སྤེལ་འགོ་བཙུགས་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་116ཡོད། ང་ཚོ་དང་ལེ་སི་ཐོའི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། དམངས་ཚོགས། དེ་བཞིན་རྒྱལ་ཁབ་མང་པོའི་རྐང་ཐང་མར་འགྲོ་བར་དགའ་པོ་ཡོད་མཁན་སོགས་མི་ཆིག་སྟོང་ལྷག་ཙམ་དང་མཉམ་དུ་ལེ་སི་ཐོའི་རྒྱལ་ཁབ་གསར་འཛུགས་རྒྱལ་པོ་མོ་ཧྲུའུ་ཧྲུའུ་ཁྲི་ཐོག་དང་པོས་རྒྱལ་ཁབ་མ་འཛུགས་གོང་བསྐྱོད་མྱོང་བའི་ལམ་ཐིག་ཐོག་བསྐྱར་དུ་བསྐྱོད་དེ་གཟུགས་གཞི་བདེ་ཐང་ཡོང་བ་དང་མཛེས་ལྗོངས་མྱོང་རོལ་བྱེད་ཞོར་དུ་ཤེས་བྱ་དང་མཛའ་གྲོགས་ཀྱང་ཐོབ་བྱུང་།

    1994ལོར་ཀྲུང་ལེའི་དབར་ཕྱི་འབྲེལ་སླར་གསོ་བྱས་ཚུན། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ཐད་འབྲེལ་བ་ཡོད་པའི་གནད་དོན་ལ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་རྒྱང་ལམ་ཐོག་མཉམ་དུ་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་ཆེ་ཆུང་མཛའ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། 2024ལོའི་ཟླ་1པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེ་སི་ཐོའི་རྒྱལ་པོ་ལའེ་ཆི་ཡེ་ཁྲི་ཐོག་གསུམ་པ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་སླར་གསོ་བྱས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད། 2024ལོའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་འཚོག་རིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཐུན་མོང་ཐོག་ཀྲུང་ལེའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་གཏན་འཁེལ་བྱས་ནས་ཀྲུང་གོ་འདི་ཉིད་ལེ་སི་ཐོ་དང་འཐབ་ཇུས་རིམ་པའི་འབྲེལ་བ་འཛུགས་པའི་རྒྱལ་ཁབ་དང་པོ་དེར་འགྱུར་ཡོད། མིག་སྔར་ཀྲུང་ལེའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་ལ། ཕྱོགས་གཉིས་པོས་དེང་རབས་ཅན་གྱི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་གཏོད་རྒྱུ་རེད།

    2024ལོར་ཀྲུང་ལེ་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་ཨ་སྒོར་དུང་ཕྱུར་1.5ཟིན་ནས་དཔལ་འབྱོར་ཚོང་དོན་འབྲེལ་བ་ཉིན་རེ་བཞིན་དམ་ཟབ་ཏུ་འགྲོ་བཞིན་ཡོད། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་། ཀྲུང་གོས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཚང་མར་ཁྲལ་སྣའི་ཐོན་རྫས་100%ལ་སྒོ་ཁྲལ་མེད་པའི་ཐོབ་ཐང་སྤྲད་ཡོད། བྱེད་ཐབས་དེས་ལེ་སི་ཐོའི་བལ་དང་ཨན་ཀོ་ལའི་རའི་ཁུ་ལུ་སོགས་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་གོ་སྐབས་བཏོད་ཡོད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྣེ་ཁྲིད་འོག ཀྲུང་ལེ་རྒྱལ་ཁབ་གཉིས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། ཞིང་ལས། འཁེལ་འཐག སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཐད་མཉམ་ལས་གཏིང་ཟབ་བྱས་ནས། ལྗང་མདོག་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཡོད།

    ཨ་ཧྥེ་རི་ཁའི་དམངས་འདོད་བརྟག་དཔྱད་སྒྲིག་གཞི“ཨ་ཧྥེ་རི་ཁའི་ཆར་བརྟག་ཡོ་བྱད”ཀྱིས་ན་ནིང་ཟླ་11པར་བརྟག་དཔྱད་བྱས་པ་ལས་མངོན་པར། ལེ་སི་ཐོའི་དམངས་ཚོགས་71%གིས་ཀྲུང་གོས་ལེ་སི་ཐོ་རུ་ཤུགས་རྐྱེན་བཟང་པོ་ཐེབས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོས་ལེ་སི་ཐོ་རུ་སྐྲུན་རོགས་བྱས་པའི་ཟམ་པ་དང་། འགྲོ་ལམ། སྨན་ཁང་། སློབ་གྲྭ གློག་ཁང་སོགས་ཀྱི་སྒྲིག་བཀོད་ལས་རྒྱལ་ཁབ་དེར་ཕན་པ་ཐོབ་པ་ས་གནས་དེ་གའི་དམངས་ཚོགས་ཚང་མས་མིག་མཐོང་ལག་ཟིན་ཐུབ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེའང་ཞུ་གི་ཡོད། མིག་སྔར། ཀྲུང་ལེ་ཕྱོགས་གཉིས་པོས་2024ལོའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་ཐད་འབྲེལ་མཐུད་ཧུར་ཐག་བྱེད་བཞིན་ཡོད་པ་དེས་ལེ་སི་ཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྣོན་རྒྱུ་རེད། ཀྲུང་གོས་མུ་མཐུད་དོན་དངོས་དང་བསྟུན་མཁས་ཀྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་རྒྱུན་འཁྱོངས་ཀྱིས་ལེ་སི་ཐོ་ཕྱོགས་དང་དེང་རབས་ཅན་གྱི་བགྲོད་ལམ་ཐོག་མཉམ་དུ་བསྐྱོད་ནས། ཀྲུང་ལེའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། (རྩོམ་པ་པོ་ནི་ལེ་སི་ཐོ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)