འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།བོད་ཀྱིས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་དངུལ་སྒོར་ཁྲི་25826.74སྤྲད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིཌ་ན། 2021ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས“བྱིས་པ་སྔོན་འཇོག་དང་། ཀུན་ཕན་མཉམ་སྤྱོད”ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་དངུལ་སྒོར་ཁྲི་25826.74དང་དོན་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་དངུལ་སྒོར་ཁྲི་4861.23སྤྲད་དེ་རིམ་རྩིས་བརྒྱབ་ན་དྭ་ཕྲུག་མི་ཐེངས་25693འགན་སྲུང་བྱས་ཡོད། དྭ་ཕྲུག་མི་ཐེངས་7287ལ་དྭ་ཕྲུག་གི་སློབ་ཞུགས་རོགས་དངུལ་སྒོར་ཁྲི་7287དོན་འཁྱོལ་བྱས་ནས་དྭ་ཕྲུག་1673སློབ་ཞུགས་རོགས་དངུལ་གྱི་རོགས་སྐྱོར་སྲིད་ཇུས་འོག་བདེ་བླག་ངང་སློབ་གྲྭ་ཐོན་པ་མ་ཟད། སྔ་རྗེས་སུ་ལས་གནས་སུ་སྐྱོད་ཐུབ་པ་བྱུང་སྟེ་དམངས་སྲིད་ཁྱབ་ཁོངས་ཀྱི་བྱིས་པའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད།

   སྲིད་ཇུས་ཀྱིས་རྨང་གཞི་བཏིང་ནས་འཚར་ལོངས་ཀྱི“བདེ་སྐྱིད་དྲ་བ”དམ་དུ་བཏང་བ། བོད་རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི“དྭ་ཕྲུག་སྨན་བཅོས་དྲག་སྐྱེད་ཀྱི་འབྱུང་འགྱུར་འཆར་གཞིའི”རྣམ་གྲངས་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》དང《གྲོང་གསེབ་ཀྱི་བདེ་སྐྱིད་གླིང་འཛུགས་སྐྲུན་དོ་དམ་མཛུབ་ཁྲིད་བསམ་འཆར》སོགས་ལམ་ལུགས་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ནས་རིམ་དབྱེ་རིགས་དབྱེ་དང་ས་ཁོངས་ཡོངས་ལ་ཁྱབ་པའི་བྱིས་པའི་ཕན་བདེའི་སྲིད་ཇུས་ཀྱི་འགན་སྲུང་དྲ་བ་བསྐྲུན་ཡོད། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་ལོ་གསུམ་བསྟུད་མར་མཐོ་རུ་བཏང་བ་སྟེ། རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཁུལ་གྱི་མི་རེར་ཟླ་རེར་སྒོར་1468དང་། སྒོར་1762 སྒོར་1982བཅས་སོ་སོར་མཐོ་རུ་བཏང་ཡོད།

    སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས“སེམས་མཐུན་སྒོར་མོ”མཉམ་དུ་བསྲུངས་པ། 2021ལོ་ནས་བཟུང་ལྗོངས་ཡོངས་ཀྱི་དྭ་ཕྲུག་དང་དབང་སྐྱོན་བྱིས་པའི་བདག་སྐྱོང་མི་སྣའི་དམའ་རིམ་གསོ་སྦྱོང་མུ་མཐུད་སྒྲིག་འཛུགས་བྱས་ནས་བྱིས་པའི་ཕན་བདེའི་སྒྲིག་གཞི་11ལ་ཁྱབ་པ་དང་། བོད་ཀྱི་དྭ་ཕྲུག་དང་དབང་སྐྱོན་བྱིས་པའི་བདག་སྐྱོང་མི་སྣ་262ཚང་མ་ལས་གནས་སུ་ཞུགས་སྐབས་ལག་ཁྱེར་ཡོད། བོད་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74ལ་ཆ་རྐྱེན་དང་མཐུན་པའི་བྱིས་པའི་ལྟ་སྐུལ་སློབ་སྟོན་པ་ཁྱོན་854དང་བྱིས་པའི་ཀྲུའུ་རེན་6568བཀོད་སྒྲིག་བྱས་ནས་གྲོང་ཚོ(གྲོང་ལྷན)ཡོངས་སུ་ཁྱབ་པ་དང་བོད་ཀྱི་ཉམ་ཐག་བྱིས་པ་15606ལ་བྱིས་པའི་ལས་དོན་པ་7000ལྷག་ཙམ་གྱིས་དུས་ཐོག་ཏུ་གྲལ་བཤེར་དང་། སྙན་སེང་ཞུ་བ། རོགས་སྐྱོར་བཅས་བྱས་ཡོད། སྤྱི་ཚོགས་ལས་དོན་ཆེད་ལས་ཞབས་ཞུའི་སྒྲིག་གཞི་དང་སྤྱི་ཕན་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་ཉམ་ཐག་བྱིས་པར་འཕྲལ་སྡོམ་ཐག་གཅོད་དང་། རོགས་སྐྱོབ་རོགས་སྐྱོར། སེམས་གསོ་གཅེས་སྐྱོང་སོགས་ཀྱི་ཞབས་འདེགས་གཏིང་ཟབ་ཞུས་ཤིང་། རིམ་རྩིས་བརྒྱབ་ན་ཞབས་འདེགས་ཞུ་མཁན་མི་ཐེངས་ཁྱོན་ཁྲི་5ལྷག་ཙམ་ཟིན་ཡོད།