ཕྱི་འབྲེལ་པུས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 09:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་སྒོ་ཁྲལ་གནད་དོན་ཐད་ཀྱི་ལངས་ཕྱོགས་ནན་པོ་གསལ་བཤད་ཐེངས་མང་བྱས་ཡོད། སྒོ་ཁྲལ་འཁྲུག་རྩོད་དང་ཚོང་དོན་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་པས། ཀྲུང་གོ་ཕྱོགས་ཀྱིས་དེ་རྒྱག་འདོད་མེད་ལ་རྒྱག་པར་ཡང་སྐྲག་མི་སྲིད། གལ་ཏེ་ཨ་རི་ཕྱོགས་ཀྱིས་དངོས་གནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ན། གནོན་ཤུགས་ཚད་མེད་སྤྲོད་པ་དང་རང་སྣང་གང་ཤར་བྱེད་མཚམས་འཇོག་དགོས། ཀྲུང་གོས་བྱེད་སྟངས་དེ་རིགས་དང་ལེན་གཏན་ནས་བྱེད་མི་སྲིད་ཅེས་བརྗོད་པ་རེད།
ལིན་ཅན་གྱིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག སྐད་ཆ་ཤོད་རེས་གང་ཞིག་ཡིན་རུང་ངེས་པར་དུ་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་བྱེད་དགོས། གལ་ཏེ་ཨ་རི་ཕྱོགས་ཀྱིས་རྐང་བཙུགས་ནས་སྒོ་ཁྲལ་འཁྲུག་རྩོད་དང་ཚོང་དོན་འཁྲུག་རྩོད་བསླངས་ཚེ་ཀྲུང་གོ་ཕྱོགས་ཀྱིས་ཁ་གཏད་འདྲ་འདྲ་གཅོག་ངེས་ཡིན་ཞེས་བརྗོད་པ་རེད།
ལིན་ཅན་གྱིས་ཀྲུང་གོ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཅིག་ཡིན། ང་ཚོས་ཨ་རིའི་བཙན་ཤེད་ཀྱི་བྱེད་སྤྱོད་ལ་ངོ་རྒོལ་གྱི་བྱེད་ཐབས་སྤྱོད་པ་ནི་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་ཡིན་ལ་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་སྲུང་སྐྱོང་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱ་ཆེད་ཀྱང་ཡིན་ཞེས་བརྗོད་པ་རེད།
ལིན་ཅན་གྱིས“ཨ་རིའི་བཙན་པོ་ཧམ་ཤེད་ཀྱི་མདུན་དུ་འོས་མེད་བསྟུན་ཐབས་དང་བཟོད་སྒོམ་བྱས་ན་ཡོང་ཐབས་མེད”ཅེས་བརྗོད་པ་རེད།