རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 09:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་ཟླ་4ཚེས་12ཉིན་ནས་བཟུང་། 《ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུའི་བྱ་ཐབས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》(ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་2025ལོའི་སྤྱི་བསྒྲགས་ཨང་5པའི)ནང་གཏན་འབེབས་བྱས་པའི་སྒོ་ཁྲལ་སྣོན་བསྡུའི་ཁྲལ་ཚད་ལེགས་སྒྲིག་བྱས་ཏེ་84%ནས་125%བར་མཐོ་རུ་གཏོང་རྒྱུ་ཡིན། དོན་ཚན་གཞན་དག《ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》(ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་2025ལོའི་སྤྱི་བསྒྲགས་ཨང་4པ)ལྟར་ལག་བསྟར་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད།
སྤྱི་བསྒྲགས་ནང་2025ལོའི་ཟླ་4ཚེས་10ཉིན་ཨ་རི་སྲིད་གཞུང་གིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ལ“འདྲ་མཚུངས་ཀྱི་སྒོ་ཁྲལ”བསྡུ་བའི་ཁྲལ་ཚད་དེ་125%བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་ཧ་ཅང་མཐོ་པོ་སྣོན་བསྡུ་བྱས་པ་དེ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལས་ཚབས་ཆེན་འགལ་བ་དང་གཞི་རྩའི་དཔལ་འབྱོར་ཆོས་ཉིད་དང་རྒྱུན་ཤེས་ལས་འགལ་བ་ཞིག་ཡིན་པས། དེ་ནི་ཕྱོགས་རྐྱང་པའི་བཙན་པོ་ཧམ་ཤེད་ཀྱི་བྱེད་སྟངས་ཤིག་རེད།
ཨ་རི་ཕྱོགས་ཀྱིས་མུ་མཐུད་ནས་སྒོ་ཁྲལ་མཐོ་རུ་བཏང་བར་དཔལ་འབྱོར་གྱི་དོན་སྙིང་མེད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་ལོ་རྒྱུས་ཐོག་གི་དགོད་ཆ་ཞིག་ཏུ་འགྱུར་རྒྱུ་རེད། མིག་སྔའི་སྒོ་ཁྲལ་གྱི་ཆུ་ཚད་འོག་ཨ་རིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཚོང་ཟོག་ཁྲོམ་རའི་ཐོག་དང་ལེན་བྱེད་ཐབས་བྲལ་ཡོད། གལ་ཏེ་ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གྱི་གྲངས་ཀའི་རོལ་རྩེད་མུ་མཐུད་རྩེད་ན་ཀྲུང་གོ་ཕྱོགས་ཀྱིས་ཁ་ཡ་བྱེད་ཀྱི་མིན། འོན་ཀྱང་གལ་སྲིད་ཨ་རི་ཕྱོགས་ཀྱིས་རྐང་བཙུགས་ཏེ་མུ་མཐུད་ངོ་བོའི་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་བཏང་ཚེ། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་ཁ་གཏད་འདྲ་འདྲ་གཅོག་གི་ཡིན།