གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 09:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་གནས་ཚུལ་སྤེལ་བར། འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་སུ་ཁ་གསབ་རེ་ཞུ་བྱེད་ཚད་མི་ཐེངས་ཁྲི་13ཙམ་ཟིན་པ་དང་། ཁ་གསབ་སྒོར་དུང་ཕྱུར་1.2དཔྱད་སྤྲོད་བྱས་པ། སྒོར་དུང་ཕྱུར་19.37ཡི་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད། སྲིད་ཇུས་ཀྱི་སྐུལ་འདེད་ཤུགས་ཆེན་འོག ཞིང་ཆེན་ཡོངས་ཀྱི་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། 3Cགྲངས་འཛིན་ཐོན་རྫས་བཅས་ཀྱི་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། དུས་ཚིགས་དང་པོར་རླངས་འཁོར་9438རྙིང་དོར་གསར་སྒྱུར་དང་། གསར་པར་བརྗེ་བ། རླངས་འཁོར་གསར་པ་ཉོ་བའི་ཁ་གསབ་བཅས་རེ་ཞུ་བྱས་པ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་མི་ཐེངས་ཁྲི་4.9ལ་སྤྲད་པ། ལག་ཐོགས་ཁ་པར་སོགས་3Cགྲངས་འཛིན་ཐོན་རྫས་གསར་པ་ཉོ་བའི་ཁ་གསབ་མི་ཐེངས་ཁྲི་6.8ལ་སྤྲད་ཡོད་པ་རེད།
མཚོ་སྔོན་གྱིས་རྒྱལ་ཡོངས་སུ་ཅུང་སྔོན་ལ་2025ལོའི་འབྲེལ་ཡོད་སྲིད་ཇུས་བཏོན་ནས། ཁ་གསབ་ཀྱི་རིགས་དང་ཚད་གཞི་ཁ་གསལ་བཟོས་པ་དང་། མ་དངུལ་ཐོག་མ་དུས་ཐོག་ཏུ་སྤྲད་པ། ལོ་འཁོར་བརྒལ་བའི་འབྲེལ་མཐུད་ཡག་པོ་བཅས་བྱས་ཏེ། སྲིད་ཇུས་ཀྱི་རྒྱུན་མི་ཆད་པའི་འགན་ལེན་བྱས་ཡོད། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁ་གསབ་ཀྱི་རིགས་མང་དུ་བཏང་ནས། རླངས་འཁོར་རྙིང་དོར་དང་གསར་པར་བརྗེ་བའི་རྨང་གཞིའི་ཐོག་རླངས་འཁོར་གསར་པ་ཉོ་བའི་ཁ་གསབ་མང་དུ་བཏང་བ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་རིགས་20ཟིན་པ། ཁྱིམ་ཚང་གི་མཛེས་བཟོ་གསར་བརྗེའི་ཐད་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་དུད་ཚང་སོགས་རིགས་གསུམ་ཚོགས་སྤྱིའི་ཁ་གསབ་རེ་ཞུར་རྒྱབ་སྐྱོར་བྱས་ནས་ཁྱིམ་ཆས་གསར་པར་བརྗེ་བའི་ཁ་གསབ་རིགས་35ཟིན་ཡོད།
གཞན་ཡང་། མཚོ་སྔོན་གྱིས་གྲངས་གཞིའི་ནུས་སྐྱེད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་ཁབ་རིམ་པའི་ལས་སྟེགས་དང་། ཁྲལ་དོན། སྤྱི་བདེ་སོགས་སྡེ་ཚན་དང་ཆ་འཕྲིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲངས་གཞི་མཉམ་སྤྱོད་མང་ཙམ་བྱས་པ་དང་དམངས་ཀྱི་དཀའ་ངལ་ཆུང་དུ་བཏང་ཡོད། ཁ་གསབ་གང་མགྱོགས་སྤྲད་ནས། འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་སོགས་སྡེ་ཚན་དང་འབྲེལ་གཏུག་གྲོས་མོལ་ལ་ཤུགས་སྣོན་རྒྱག་པ་དང་། ལག་བསྟར་བྱས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཡོད། ཞིབ་དཔྱད་ཀྱི་གཙོ་གནད་དང་། དཔང་རྟགས་རྒྱུ་ཆ། དོགས་གཞི་ཡོད་པའི་གནད་དོན་སོགས་རེ་རེ་བཞིན་ཁ་གསལ་བཟོས་ནས། ཁ་གསབ་ཞིབ་དཔྱད་ཚད་ལྡན་ཅན་དང་། ལམ་ལུགས་ཅན། གསལ་ཐོ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།