འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

༄༅།།ཞི་ཅིན་ཕིང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་ཡིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 13:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་མཚོ་ཁ་གཡས་གཡོན་དུ་གནས་པའི་ཁྱིམ་མཚེས་བཟང་པོ་དང་ལས་དབང་གཅིག་མཐུན་གྱི་རོགས་ཟླ་བཟང་པོ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་ཕྱོགས་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ན་ནིང་ང་དང་སྐུ་ཞབས་ཙུང་ཐུང་ཞལ་འཛོམས་ཐེངས་གཉིས་བྱུང་ནས་ཕན་ཚུན་གྱི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འདུན་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ལག་གདང་སྦྲེལ་ནས་རང་སོ་སོའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ཡག་པོ་སྐྱོད་པ། ས་ཁུལ་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱེད་པར་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པས། ཕྱོགས་གཉིས་པོའི་མཉམ་ལས་ལ་འཐབ་ཇུས་ཀྱི་དོན་སྙིང་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་ཡོད། ངས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་དུས་རབས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་ལྷག་བསམ་རྣམ་དག་གི་མཐུན་སྒྲིལ་གྱི་དཔེ་མཚོན་དང་། ཐུན་མོང་འཕེལ་རྒྱས་ཀྱི་མིག་དཔེ། ལྷོ་ལྷོ་མཉམ་ལས་ཀྱི་གདོང་ལེན་བཅས་བཏོད་ནས་མིའི་རིགས་ཡར་ཐོན་གྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

ཕུའུ་ལ་པོ་ཝོས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་སྐབས་སུ་ངས་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་དང་ཧིན་རྡུ་ཉི་ཞི་ཡའི་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་རོགས་ཟླའི་འབྲེལ་བ་དེ་སྟོབས་ལྡན་དང་གསོན་ཤུགས་ཀྱིས་ཁེངས་པ་ཞིག་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་རིག་གནས། མཚོ་ཐོག བདེ་འཇགས་བཅས་ཀྱི“ཀ་རྟེན་ཆེན་པོ་ལྔའི”མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་མགྱོཌ་པོ་གཏོང་བཞིན་ཡོད། ངས་རྒྱལ་ཁབ་གཉིས་པོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་བཏང་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)