འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 13:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན་ཧ་ནོ་དབྱིར་ཕེབས་ནས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི《མི་དམངས་ཚགས་པར》ཐོག《བློ་སེམས་གཅིག་མཐུན་གྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་སྔ་འཛིན་ཕྱི་གཏོད་ཀྱིས་ལེའུ་གསར་མུ་མཐུད་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཡོད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།

བློ་སེམས་གཅིག་མཐུན་གྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་སྔ་འཛིན་ཕྱི་གཏོད་ཀྱིས་ལེའུ་གསར་མུ་མཐུད་རྩོམ་དགོས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།

དཔྱིད་མཇུག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་སྐབས་སུ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་སུའུ་ལིན་དང་ཝེ་ཐེ་ནམ་གྱི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བློ་མཐུན་ལེང་ཆང་གི་གདན་ཞུས་ལྟར་ངས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན། དེ་ནི་ངས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་ཚུན་མཛེས་སྡུག་ལྡན་པའི་ས་ཆ་དེར་བསྐྱོད་ཐེངས་བཞི་པ་ཡིན། ངས་ཝེ་ཐེ་ནམ་གྱི་འགོ་ཁྲིད་པ་དང་མཛའ་གྲོགས་གླེང་བ་དང་མཉམ་ལས་མཉམ་གྲོས་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འཆར་གཞི་གསར་པ་འགོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཀྲུང་གོ་དང་ཝེ་ཐེ་ནམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་ཐུན་མོང་གི་ཕུགས་བསམ་དད་སེམས་དང་རྒྱ་ཁྱབ་ཀྱི་འཐབ་ཇུས་ཁེ་ཕན་ལྡན་ཡོད། རང་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་དང་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལོ་མང་གོང་བཙུགས་པའི་མཛའ་གྲོགས་ཟབ་མོ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དང་དར་རྒྱས་ལའང་ཕན་འདོགས་ཡོད་པས། དེ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཞིག་ཡིན།

ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པས་མངོན་གསལ་དོད་པའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་གསར་བརྗེའི་སྔོན་བྱོན་པ་ཚོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་སྐྱོབ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། འཛམ་གླིང་ལ་མི་སེར་སྤེལ་བའི་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་ཀོང་ཀྲོའུ་ཡི་ཝེ་ཐེ་ནམ་གཞོན་ནུའི་གསར་བརྗེའི་བློ་མཐུན་ལྷན་ཚོགས་དང་ཀོང་ཤིས་ཅིན་ཤིས་ཀྱི“ཝེ་ཐེ་ནམ་མནའ་འབྲེལ”དོན་གཅོད་ཁྲུའུ་སོགས་གསར་བརྗེའི་གནས་ཡུལ་རྙིང་པ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གསར་བརྗེའི་མཛའ་གྲོགས་ལོ་རྒྱུས་ཀྱི་དཔང་རྟགས་ཡིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་སྐབས་སུ། ཀྲུའུ་ཞི་ཧུའུ་ཀྲེ་མིང་སྔ་རྗེས་སུ་ཡན་ཨན་དང་། ཀུའེ་ལིན། ཁྲུང་ཆིང་། ཁུན་མིང་སོགས་སུ་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་ཞུགས་པ་དང་རྒྱབ་སྐྱོར་གནང་ཡོད། ཀྲུང་གོས་དམག་དོན་བློ་འདྲི་ཚོགས་པ་དང་ཆབ་སྲིད་བློ་འདྲི་ཚོགས་པ་མངགས་ནས་ཝེ་ཐེ་ནམ་མི་དམངས་ཀྱིས་ཧྥ་རན་སེར་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་དང་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་གྱི་ཨ་འགོག་རྒྱལ་སྐྱོབ་ཀྱི་དྲང་བདེན་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། “ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་ཟབ་པ་དང་བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི་བརྩེ་སེམས”དེ་ནམ་ཡང་སུབ་ཐབས་མེད་པའི་གསར་བརྗེའི་དྲན་འཆར་དུ་གྱུར་ཡོད།

ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་མོ་ལས་བྱུང་བ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་སོགས་ཝེ་ཐེ་ནམ་གྱི་འགོ་ཁྲིད་པ་དང་ཕན་ཚུན་འཚམས་འདྲི་རེས་སྐོར་མང་པོ་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཁ་སྒྱུར་ཁྲིད་སྟོན་བྱས་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་སྤེལ་རེས་ཟབ་ཏུ་ཕྱིན་པ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་ཀྱི་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དང་། ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ། མཐའ་མཚམས་རྒྱལ་སྲུང་གི་མཛའ་གྲོགས་སྤེལ་རེས། རྒྱལ་ཁབ་གཉིས་ཀྱི་སྤྱི་བདེ་པུས་མཉམ་ལས་བྱས་ཏེ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཚོགས་འདུ་སོགས་ལམ་སྲོལ་འཁོར་སྐྱོད་ནུས་ལྡན་ཐུབ་པ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སོགས་རིམ་པ་མཐོ་བའི་ལམ་སྲོལ་བཙུགས་པ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”གྱི་འཐབ་ཇུས་གླེང་མོལ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་བཅས་བྱས་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་ལངས་ཕྱོགས་འདྲ་མཚུངས་དང་མཉམ་ལས་དམ་ཟབ་ཡོད།

ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཕུན་སུམ་ཚོགས་པའི་མཉམ་ལས་ཁྲོད་རྩ་བ་ཚུགས་ཡོད། འཛམ་གླིང་དཔལ་འབྱོར་སླར་གསོ་འགོར་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཡོད། ལོ་20ལྷག་ཙམ་ཀྲུང་གོ་ནི་ཝེ་ཐེ་ནམ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་ཡིན་པ་དང་2024ལོར་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2600ཟིན་ཡོད། ཤིང་ཏོག་ལིའུ་ལེན་དང་བེ་ཏ་སོགས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་བ་ཀྲུང་གོའི་ཁྱིམ་ཚང་མང་པོས་སྤྱོད་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་ལྕགས་ལམ་ཕན་ཚུན་ཤར་གཏོང་དང་རིག་ལྡན་འགག་སྒོ་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། འོད་ཤུགས་དང་གད་སྙིགས་གློག་གཏོང་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱིས་ཝེ་ཐེ་ནམ་གྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་པ་དང་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ཧ་ནོ་དབྱི་ཡི་ཐེག་ཆུང་མེ་འཁོར་ལམ་ཐིག་2པས་གྲོང་མིའི་རྒྱུན་གཏན་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་ཕན་ཚུན་གྱི་གྲུབ་འབྲས་དང་ཐུན་མོང་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་ནང་དོན་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།

ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མི་ཆོས་རིག་གནས་ཀྱི་སྤེལ་རེས་དམ་ཟབ་ཁྲོད་སྐུལ་འདེད་གཏོང་བཞིན་ཡོད། ལོ་ཤས་རིང་། ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་གོམ་སྟབས་ཇི་ཙམ་སྤོས་པ་དེ་ཙམ་གྱིས་ཆེ་རུ་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཇི་ཙམ་མཉམ་དུ་སྐྱོད་པ་དེ་ཙམ་གྱིས་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད། 2024ལོར་ཝེ་ཐེ་ནམ་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་370ཟིན་པ་དང་། ཏེ་ཐེན(པན་གཡོད)རྦབ་ཆུའི་རྒྱལ་སྒྲོལ་ཡུལ་སྐོར་མཉམ་ལས་ཁུལ་དངོས་སུ་གཉེར་སྐྱོང་བྱས་པ་དང་རྒྱལ་སྒྲོལ་གྱི་སྒེར་འཁོར་ཡུལ་སྐོར་ལམ་ཐིག་མང་པོ་ཤར་གཏོང་ཐུབ་སྟེ། “ཉིན་གཅིག་ལ་རྒྱལ་ཁབ་གཉིས་ལ་ཡུལ་སྐོར”བྱེད་པ་དོན་དངོས་སུ་གྱུར་ཡོད། ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་དང་གློག་རྡུལ་རོལ་རྩེད་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོའི་གླེང་མང་བའི་བརྗོད་གཞིར་གྱུར་ནས་ཝེ་ཐེ་ནམ་དུ“རྒྱ་ཡིག་སྦྱོང་བའི་ཚ་རླབས”མུ་མཐུད་འཕྱུར་བར་སྣེ་ཁྲིད་ཐུབ་ཡོད། ཝེ་ཐེ་ནམ་གྱི་གླུ་གཞས་མི་ཉུང་བ་ཞིག་ཀྲུང་གོའི་དྲ་སྦྲེལ་ནས་གཏོང་བ་དང་ཧ་ནོ་དབྱི་ཡི་ཕིང་སོགས་ཝེ་ཐེ་ནམ་གྱི་ཞིམ་ཟས་ལ་ཀྲུང་གོའི་དམངས་ཚོགས་མི་ཉུང་བ་ཞིག་གིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་སྔར་བྱུང་མྱོང་མེད་པའི་བྱེད་ཐབས་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་པས་འཛམ་གླིང་ཡོ་ལང་དང་འཕོ་འགྱུར་འགྲོ་བའི་དུས་སྐབས་གསར་པར་སླེབས་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་མདུན་དུ་ཀྲུང་གོའི་དཔལ་འབྱོར་གྱིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱས་པར་བརྟེན་2024ལོར་དཔལ་འབྱོར་5%འཕར་བ་དང་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཚད་30%ཙམ་རྒྱུན་འཁྱོངས་ཐུབ་ནས་མུ་མཐུད་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་དང་། མི་ཐབས་རིག་ནུས། འགུལ་རིས་གློག་བརྙན་དང་བརྙན་འཕྲིན་བཅས་ལ་གོ་ལ་ཧྲིལ་པོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་འདོན་རྒྱུ་མཐའ་འཁྱོངས་དང་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

གོ་ལ་ཧྲིལ་པོའི་མཉམ་ལས་འཕེལ་རྒྱས་ཀྱི་མཐོ་ས་ཡིན་པའི་ཨེ་ཤེ་ཡ་སྤྱི་ཡོངས་དར་རྒྱས་ཡོང་བའི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་ལ། སྔར་བྱུང་མྱོང་མེད་པའི་གོ་སྐབས་དང་འགྲན་སློང་ཡང་འཕྲད་ཡོད། ཀྲུང་གོས་མཐའ་འཁོར་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་དང་ལྷག་བསམ་དང་ཁོང་ཡངས་ཀྱི་འདུ་ཤེས་འཛིན་པ་དང་། ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་ཁྱིམ་མཚེས་རྒྱལ་ཁབ་རོགས་ཟླར་བརྩི་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་ཟབ་ཏུ་བཏང་ནས་ཨེ་ཤེ་ཡའི་དེང་རབས་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན།

ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ཝེ་ཐེ་ནམ་གྱིས་ཀྱང་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བཏོད་ནས་ཏང་འཛུགས་རྒྱལ་འཛུགས་ཀྱི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འཇོག་ཁ་ཕྱོགས་སུ་བརྩི་བཞིན་ཡོད། ང་ཚོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

—— འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། མཐོ་རིམ་གྱིས་ཁྲིད་སྟོན་མཐའ་འཁྱོངས་དང་། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་པ། ཏང་དབར་དང་། སྲིད་གཞུང་། དམག་དཔུང་། ཁྲིམས་སྒྱུར་བདེ་འཇགས་སོགས་ཁ་གཏད་སྡེ་ཚན་དབར་མཉམ་ལས་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་མཉམ་དུ་འཚོལ་ཞིབ་དང་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

—— མཉམ་ལས་མཉམ་ཕན་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”གི་སྒྲོམ་གཞི་དང་འབྲེལ་མཐུད་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ། དཔལ་འབྱོར་དང་ལག་རྩལ་མཉམ་ལས་ཀྱི་ལས་སྟེགས་དེ་བས་མང་བ་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་ཝེ་ཐེ་ནམ་བྱང་རྒྱུད་ཀྱི་ཚད་ལྡན་ལྕགས་ལམ་རྣམ་གྲངས་3གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རིག་ལྡན་འགག་སྒོ་སྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཝེ་ཐེ་ནམ་དུ་མ་འཇོག་དང་བྱ་གཞག་དར་སྤེལ་འགྲོ་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་5Gདང་། མི་ཐབས་རིག་ནུས། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་དགོས།

—— མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་འབྲེལ་མཐུད་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། ད་ལོ“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ”གཉེར་བ་གོ་སྐབས་སུ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་དམངས་ཚོགས་ཀྲུང་གོའི་ས་གནས་ཁག་ཏུ་ཡོང་བར་དགའ་བསུ་ཞུ་རྒྱུ་མ་ཟད། ཀྲུང་གོའི་ཡུལ་སྐོར་བ་ཝེ་ཐེ་ནམ་གྱི་མཛེས་ལྗོངས་གྲགས་ཅན་ལ་ཡུལ་སྐོར་ལ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་མཛའ་གྲོགས་ཐུག་འཕྲད་དང་མཐའ་མཚམས་ཡུལ་མིའི་མཉམ་སྤྲོ་ཆེན་པོ་སོགས་ནང་དོན་ཟབ་པ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པ། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་མཉམ་དུ་གཉེར་ནས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་གཏམ་རྒྱུད་ཡག་པོ་བཤད་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་པར་བྱེད་དགོས།

—— ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་ཨེ་ཤེ་ཡ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོའང་ཡིན། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ཧུར་ཐག་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་རྒྱ་ཆེའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཚོང་དོན་འཁྲུག་རྩོད་དང་སྒོ་ཁྲལ་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་ལ། སྲུང་སྐྱོང་རིང་ལུགས་ལ་ཐར་སའི་ལམ་མེད། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བརྟན་ལྷིང་སྲུང་སྐྱོང་། སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་དགོས། ཨེ་ཤེ་ཡ་ཤར་མའི་མཉམ་ལས་དང་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་སོགས་ལམ་སྲོལ་ནང་ཁུལ་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས།

—— མི་མཐུན་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱིས་སྐམ་སའི་མཐའ་མཚམས་དང་བྱང་རྒྱུད་མཚོ་ཁུག་གི་དབྱེ་མཚམས་ཐག་གཅོད་བྱས་པའི་གྲུབ་འབྲས་ཀྱི་ལག་ལེན་ལས་ཕྱོགས་གཉིས་པོར་གྲོས་མོལ་བརྒྱུད་མཚོ་ཐོག་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་འཇོན་ཐང་དང་བློ་གྲོས་རྦད་དེ་ཡོད་པ་གསལ་བཤད་ཐུབ་ཡོད། ཕྱོགས་གཉིས་པོས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་། མཚོ་ཐོག་གྲོས་མོལ་ལམ་སྲོལ་གྱི་ནུས་པ་ཡག་པོ་འདོན་པ། མཚོ་ཐོག་གི་འགལ་ཟླ་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། མཚོ་ཐོག་མཉམ་ལས་རྒྱུན་མཐུད་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མཐར་རྩོད་གཞི་ཐག་གཅོད་བྱེད་པར་མཐུན་རྐྱེན་སྐྲུན་དགོས། 《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་ཀྱི་བསྒྲགས་གཏམ》ཕྱོགས་ཡོངས་དང་ནུས་ཐོན་སྒོ་ནས་དོན་འཁྱོལ་བྱེད་པ་དང་། “ལྷོ་མཚོའི་བྱ་སྤྱོད་ཚད་གཞིའི”གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། འགལ་རྐྱེན་སེལ་བ་དང་། གཅིག་མཐུན་མཉམ་འདུས་དང་མི་མཐུན་པའི་ཆ་སེལ་བ་བཅས་བྱས་ཏེ་ལྷོ་མཚོ་དེ་ཞི་བདེ་རྒྱ་མཚོ་དང་། མཛའ་གྲོགས་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་སུ་སྐྲུན་དགོས།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཀྲུང་གོས་ཝེ་ཐེ་ནམ་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་སྔ་འཛིན་ཕྱི་གཏོད་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་མུ་མཐུད་བརྩམས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)