འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།ཨ་རི་བ་3ལ་འཛིན་རྒྱ་བཏང་བ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 15:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    དེ་རིང་(ཚེས་15ཉིན)ཧའར་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བརྡ་ཁྱབ་བཏང་དོན། 2025ལོའི་ཧའར་པིན་གྱི་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་རིང་འགྲན་བསྡུར་གྱི་ཆ་འཕྲིན་མ་ལག་དང་ཧེ་ལུང་ཅང་ཞིང་ཆེན་གྱི་འགག་རྩའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་ལ་རྒྱལ་ཕྱིའི་དྲ་རྒྱའི་ཚུར་རྒོལ་ཕོག་པ་རེད། (དེ་སྔོན་གནས་འཕྲིན་སྤེལ་བར་གཞིགས་ན། གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་དོན། ཧའར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་རྒྱལ་ཕྱིའི་རྒོལ་ཐེངས་ཁྲི་27ཟིན་ཡོད། )

    བརྟག་དཔྱད་བྱས་པ་བརྒྱུད། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་དམིགས་བསལ་ནང་འཛུལ་བྱ་སྤྱོད་གཞུང་དོན་ཁང་(Office of Tailored Access Operationབསྡུས་མིང་ལ་“TAO”ཟེར།) གི་ཁེ་སི་ལིན་·ཝེར་ཞུན་(Katheryn A.Wilson)དང་། རུའོ་པོ་ཐེ་·སི་ནེར་(Robert J.Snelling)སི་ཏི་ཧྥེན་·ཇོང་སེན(Stephen W.Johnson)བཅས་ཆེད་འགན་མི་སྣ་གསུམ་པོ་གོང་གསལ་གྱི་དྲ་རྒྱའི་ལྐོག་རྒོལ་བྱེད་སྒོར་ཞུགས་ཡོད།

    དུས་མཚུངས་སུ་བརྟག་དཔྱད་བྱས་འབྲས་ལྟར་ན། ཆེད་འགན་མི་སྣ་གསུམ་པོས་རང་རྒྱལ་གྱི་འགག་རྩའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་ལ་དྲ་རྒྱའི་ལྐོག་རྒོལ་ཐེངས་མང་བྱས་པ་མ་ཟད། ཧྭ་ཝུའེ་ཀུང་སི་སོགས་ཁེ་ལས་དག་ལ་དྲ་རྒྱའི་ལྐོག་རྒོལ་བྱེད་སྒོ་སྤེལ་བ་ལའང་ཞུགས་མྱོང་།

    ཁྲིམས་ལྟར་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་རང་རྒྱལ་ལ་དྲ་རྒོལ་དང་གསང་བ་རྐུ་འཕྲོག་བྱེད་པའི་ནག་ཉེས་ལ་རྡུང་རྡེག་ནན་པོ་གཏོང་ཆེད། ཧའར་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གོང་གསལ་ཉེས་གསོག་དོགས་ཅན་གསུམ་པོ་འཛིན་པར་བྱ་དགའ་ཡོད་པའི་འཛིན་རྒྱ་གཏོང་ཐག་བཅད་པ་རེད།

    འབྲེལ་ཡོད་མི་སྣའི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱས་ཆོག སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་གསང་སྲུང་ནན་པོ་བྱ་རྒྱུ་ཡིན།

    སྤྱི་བདེ་ལས་ཁུངས་ལ་ནུས་ལྡན་གྱི་ཁུངས་སྣེ་འདོན་སྤྲོད་བྱས་པའི་ཐེར་འདོན་བྱེད་མཁན་དང་། དེ་བཞིན་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་འབྲེལ་ཡོད་ཉེས་གསོག་དོགས་ཅན་འཛིན་པར་བྱས་རྗེས་བཞག་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་དངུལ་གྲངས་ངེས་ཅན་ཞིག་གི་བྱ་དགའ་སྤྲོད་རྒྱུ་རེད།

    ཐེར་འདོན་ཁ་པར་0451-110