གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 10:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ཏེ་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་བར་སྐུལ་ལྕག་དང་། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་སྐྲུན་པ། ཁེ་ལས་ལ་ཕན་པ་སྐྲུན་པའི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་སོགས་དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས། ཁེ་ལས་ཀྱི་གསར་གཏོད་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་དམངས་གཉེར་ཚན་རྩལ་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་མགྱོགས་མྱུར་སྐྱོད་རྒྱུར་རོགས་རམ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ། ཁེ་ལས་ཀྱིས་ལག་རྩལ་འགག་སྒྲོལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་དང་དམངས་གཉེར་ཁེ་ལས་མཚོ་སྔོན་ནོར་བདེ་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སི་སྒྲིག་འཛུགས་བྱས་ནས་ཚན་རྩལ་འཆར་གཞིའི་རྣམ་གྲངས་རེ་ཞུ་ཧུར་ཐག་བྱས་པ་མ་ཟད། རྣམ་གྲངས་ལ་བརྟེན་ནས་ཀུང་སི་དེས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་ཐོན་རྫས་གསར་པ་སྟེ། ཝེ་སྨི་3ཟིན་པའི་ཤིན་ཏུ་སྲབ་པའི་ལིས་གློག་བཀྲག་ཤོག་ཐོན་ཚད་ཅན་གྱི་སྒོ་ནས་ཐོན་སྐྱེད་ཐུབ་པ་དང་འབྲེལ། ཉིང་ཏེ་དུས་རབས་དང་། པེ་ཡ་ཏི། ཀྲུང་གོ་གསར་གཏོད་མཁའ་འགྲུལ་ཀུང་སི། ཧྥུ་ནེང་སོགས་ཁེ་ལས་དང་ཐོན་ལས་འཁོར་འབྲེལ་ཐུབ་པ་དང་། ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་དང་ཐོན་ཁུངས་ཕྱོགས་བསྡུས་གྲོན་ཆུང་བེད་སྤྱོད་ཐུབ་པ། ལིས་གློག་དང་འབྲེལ་བའི་ཐོན་ལས་ཐཱན་ཉུང་དང་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་བཅས་བྱུང་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཐུབ་ཡོད།
སྲིད་ཇུས་ཀྱི་བྱེད་ཐབས་བཟང་པོ་བཏོན་ཞིང་། ཉེ་བའི་ལོ་གསུམ་རིང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་མཐོ་གསར་ལག་རྩལ་ཁེ་ལས་ལ་ཁས་ལེན་བྱ་དགའི་དངུལ་སྒོར་ཁྲི་2800སྤྲད་ནས་རྒྱབ་སྐྱོར་བྱས་པའི་ནང་། དམངས་གཉེར་ཁེ་ལས་ལ་ཁས་ལེན་བྱ་དགའི་དངུལ་སྒོར་ཁྲི་2090སྤྲད་པ་དེས་བསྡུར་ཚད་75%བཟུང་བ་དང་། ཚན་རྩལ་གྱི“གྱད་མི་ཆུང་ཆུང”གི་ཁེ་ལས་ལ་ཁས་ལེན་བྱ་དགའི་དངུལ་སྒོར་ཁྲི་2070སྤྲད་པའི་ནང་། དམངས་གཉེར་ཁེ་ལས་ལ་ཁས་ལེན་བྱ་དགའི་དངུལ་སྒོར་ཁྲི་1260སྤྲད་པ་དེས་བསྡུར་ཚད་61%བཟུང་ཡོད། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་འཛིན་ཤོག་སྒོར་ཁྲི་1428.32བེད་སྤྱོད་རེ་ཞུ་བྱས་པའི་ནང་དམངས་གཉེར་ཁེ་ལས་ཀྱིས་སྒོར་ཁྲི་1198.83རེ་ཞུ་བྱས་པ་དེས་བསྡུར་ཚད་84%བཟུང་ཡོད་པ་རེད།