——ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་བོད་ལྗོངས་འགྲེམས་ཁང་གི་མཐོང་ཐོས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 10:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་4ཚེས་13ཉིན། “སྒོ་དབྱེའི་གོ་སྐབས་མཉམ་དུ་སྤྱོད། མཛེས་ལྡན་འཚོ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པ(གཤམ་དུ་འཛད་རྫས་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ)ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཧའེ་ནན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་6པའི་འགྲེམས་གནས་6T08ཀྱི་བོད་ལྗོངས་འགྲེམས་ཁང་དུ། འཛད་སྤྱོད་པ་མང་པོས་བོད་ཀྱི་ཐོན་རྫས་ཀྱི་མཚོན་རྟགས་འཁོད་པའི་ཉོ་སྒྲུབ་ཁུག་མར་ཅ་དངོས་བྱུར་བུར་བླུགས་ནས་དགའ་ཚོར་ཆེན་པོས་ཁྲོམ་ལ་སྐོར་བ་རྒྱག་བཞིན་འདུག
འགྲེམས་ཁང་ནང་སྤོས་དང་། དབྱར་རྩྭ་དགུན་འབུ། བོད་བཟོའི་ཨ་ལས་པད་གོག མངར་ཚིལ་ཉུང་བའི་ནས་ཀྱི་ཐུག་པ་སོགས་ཐོན་རྫས་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད་པས། ཚོང་པ་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་ནས་འགྲེམས་གནས་མདུན་དུ་རིན་གོང་འདྲི་མཁན་དང་བྲོ་བ་ལྟ་མཁན་འཚང་ཁ་ཤིག་ཤིག་རེད། “ད་གིན་བོད་ཀྱི་སྡོང་ཕུང་གི་བྲོ་བ་བལྟས་པ་ཡིན། དེའི་བཟོ་ལྟ་དང་བྲོ་བ་ཧ་ཅང་ཡག་པོ་འདུག་པས་ཤོག་ཆག་གཉིས་ཉོས་པ་ཡིན། ནམ་རྒྱུན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་འདོད་ཆེན་པོ་ཡོད། ད་རེས་འཛད་རྫས་དངོས་མང་སྟོན་ཚོགས་ནས་ཉོ་ཐུབ་ཀྱི་རེད་བསམ་བསམ་མ་བྱུང་། དངོས་གནས་ཡོང་རིན་ཆོག་འདུག”ཅེས་ཧའེ་ནན་གྱི་འཛད་སྤྱོད་པ་ཝེ་ཁྲུན་ཤིའུ་ཡིས་བཤད།
བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲེ་ཁྲེང་ཧྭ་ཡིས“ད་ཐེངས་ཀྱི་འཛད་རྫས་དངོས་མང་སྟོན་ཚོགས་ལ་རང་ལྗོངས་ཀྱིས་ཁེ་ལས་22སྒྲིག་འཛུགས་བྱས་ནས་ཐོན་རྫས་200ལྷག་ཙམ་འགྲེམས་སྟོན་བྱས་ཡོད། དེ་ནི་རྒྱལ་ནང་གི་ནང་མཁོ་རྒྱ་ཆེར་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་བོད་ལྗོངས་རང་འགུལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་འཕེལ་རྒྱས་འཐབ་ཇུས་དང་མཉམ་འདྲེས་དང་འབྱུང་འགྱུར་གྱི་འཕེལ་རྒྱས་མཉམ་སྤྱོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ལས་སྟེགས་འདི་བརྒྱུད་བོད་ཀྱི་ཁེ་ལས་དང་རྒྱལ་སྤྱི་དེ་བས་འབྲེལ་མཐུད་ཐུབ་པ་དང་ཆབས་ཅིག ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁའི་ལས་སྟེགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ཐེངས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་ཟླ་4ཚེས་18ཉིན་བར་གཉེར་རྒྱུ་ཡིན་ཞིང་། དེའི་རིང་བོད་ཀྱིས་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཆེད་དོན་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ཏེ། ཁེ་ལས་དེ་བས་མང་བ་བོད་དུ་ཡོང་བ་དང་། བོད་ལ་རྒྱུས་ལོན་བྱེད་པ། བོད་དུ་མ་འཇོག་བྱེད་པ་བཅས་ཀྱི་ཡིད་དབང་འགུགས་རྒྱུ་རེད།