འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་16ཉིན། 13:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་4ཚེས་14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་བ།

ཟླ་4ཚེས་14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་རེས་སྐོར་དང་པོའི་ཕན་ཚུན་འཚམས་འདྲི་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ལོ་ནི་ཝེ་ཐེ་ནམ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང་། ཝེ་ཐེ་ནམ་རྒྱལ་ཁབ་བཙུགས་ནས་ལོ་80འཁོར་བ། ལྷོ་ཕྱོགས་བཅིངས་འགྲོལ་བཏང་ནས་ལོ་50འཁོར་བ་བཅས་ཀྱི་ལོ་ཞིག་ཡིན་པས། ངས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་ཝེ་ཐེ་ནམ་ཕྱོགས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཝེ་ཐེ་ནམ་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ལེགས་པར་བསྐྱོད་པ་དང་2026ལོར་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་ནས་ཏང་བཙུགས་རྒྱལ་བཙུགས་ཀྱི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དང“ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”ཡིན། ལོ་75ཡི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཕྱོགས་གཉིས་པོས་རྒྱལ་ཁབ་ཀྱི་རང་བཙན་བརྩོན་ལེན་དང་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ཁྲོད་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད།

རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་འབད་འབུངས་མདུན་སྐྱོད་བཅས་བྱས་པས་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོས་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་དང་མཛའ་གྲོགས་མཉམ་ལས་ཟབ་ཏུ་བཏང་ནས་འཛམ་གླིང་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་མཁོ་འདོན་བྱས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཕྱོགས་གཉིས་པོས་སྔ་འཛིན་ཕྱི་གཏོད་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། “ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་ཟབ་པ་དང་བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་མཉམ་ལས་སྔར་བས་བརྟན་པ། དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་པ། དམངས་འདོད་རྨང་གཞི་སྔར་བས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་སྔར་བས་ཟབ་པ། མི་མཐུན་ཆར་དོ་དམ་ཚོད་འཛིན་དང་ཐག་གཅོད་སྔར་བས་ལེགས་པ་བཅས་ཀྱི“སྔར་བས་དྲུག”གི་སྤྱིའི་དམིགས་ཚད་ལ་གཞིགས་པ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འཛམ་གླིང་གི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་མི་འབོར་དུང་ཕྱུར་15ལྷག་ཙམ་མཉམ་དུ་དེང་རབས་ཅན་དུ་བསྐྱོད་ཚེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། ཐུན་མོང་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་ཐུབ། རྒྱལ་ཁབ་གཉིས་པོས་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས་ས་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་བརྟན་པོ་ཐུབ་པར་སྲུང་སྐྱོང་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། གྲུ་ཆུང་གཅིག་པུ་རླབས་གཤག་ཁྲོད་མདུན་སྐྱོད་བྱེད་དཀའ་བ་དང་ཕྱར་བ་གྲུ་འདེགས་བྱས་ཚེ་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ། ཀྲུང་གོ་དང་ཝེ་ཐེ་ནམ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁྲོད་ཕན་པ་ཐོབ་མཁན་ཞིག་ཡིན་པས། འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་རྐྱང་པའི་བཙན་ཤེད་བྱེད་སྤྱོད་ལ་མཉམ་དུ་ཁ་གཏད་བཅག་སྟེ་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་གྱི་སྒྲིག་སྲོལ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཟབ་ཏུ་གཏོང་རྒྱུའི་ཐད་བྱེད་ཐབས་ཁག་དྲུག་བཏོན་གནང་བ་སྟེ།

གཅིག ཆུ་ཚད་དེ་བས་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་གཏོང་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་གཉེན་འཕྲད་དུ་འགྲོ་བ་བཞིན་རྒྱུན་དུ་འགྲོ་འོང་དང་འབྲེལ་གཏུག་མང་ཙམ་བྱེད་དགོས། ཕྱོགས་གཉིས་པོས་ཏང་དབར་དང་། ཁྲིམས་འཛུགས་སྒྲིག་གཞི། ཆབ་སྲིད་གྲོས་མོལ་རྩ་འཛུགས་སོགས་ཀྱི་ཐབས་ལམ་ནུས་པ་ཡག་པོ་འདོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་བཏང་ནས་ཏང་གིས་རྒྱལ་ཁབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་དགོས།

གཉིས། དེ་བས་བརྟན་པའི་བདེ་འཇགས་སྲུང་བཅད་སྐྲུན་དགོས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས་ཀྱི“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་པུའུ་ཀྲང་རིམ་པར་གཏན་འཁེལ་བྱས་ནས་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་དགོས། འགོག་སྲུང་ལས་དོན་དང་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལམ་སྲོལ་གྱི་ནུས་པ་ཡག་པོ་བཏོན་ཏེ། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཕྱོགས་གཉིས་དང་ཕྱོགས་མང་དང་ལྷག་པར་དུ་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་སྒྲོམ་གཞིའི་ནང་གི་ཁྲིམས་སྒྱུར་དང་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

གསུམ། སྤུས་ཚད་དེ་བས་མཐོ་བའི་གཉིས་ཁེ་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་གསར་མ་དང་ཝེ་ཐེ་ནམ་གྱི་དཔེ་གསར་ཅན་གྱི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་གྲུབ་པའི་གོ་སྐབས་གལ་ཆེན་སྟངས་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱི་ཚད་ལྡན་ལྕགས་ལམ་དང་། མྱུར་བགྲོད་གཞུང་ལམ། རིག་ནུས་འགག་སྒོ་བཅས་ཕྱོགས་ཡོངས་ནས་འབྲེལ་མཐུད་སྔ་ཙམ་ཐུབ་པར་བྱེད་དགོས། མི་ཐབས་རིག་ནུས་དང་ཟོག་འབྲེལ་དྲ་རྒྱ་སོགས་ལག་རྩལ་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་ལ་སྒོ་ཕྱེ་ནས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཝེ་ཐེ་ནམ་དུ་མ་འཇོག་བྱེད་པར་སྐུལ་ལྕག་བྱེད་ཀྱི་ཡིན་ལ། ཝེ་ཐེ་ནམ་ཕྱོགས་ཀྱིས་དེ་བས་དྲང་གཞག་དང་མཛའ་གྲོགས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད།

བཞི། དེ་བས་རྒྱ་ཆེ་བའི་དམངས་འདོད་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། ད་ལོའི“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ”གོ་སྐབས་སུ་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་དམངས་སེམས་ཐོབ་པའི་མཛའ་གྲོགས་བྱེད་སྒོ་དེ་བས་མང་བ་སྤེལ་ནས། ཡུལ་སྐོར་དང་། རིག་གནས། སྨྱན་སྦྱོར། འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གསར་བརྗེའི་ཐོན་ཁུངས་མུ་མཐུད་ཡག་པོ་སྤྱད་དེ་མཛའ་གྲོགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། སླད་ཕྱིན་ལོ་གསུམ་རིང་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་གདན་དྲངས་ནས“གསར་བརྗེའི་ཞིབ་སློབ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་གཞོན་ནུ་མི་རབས་ཚོས་གསར་བརྗེའི་རྒྱལ་ཁ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ནི་ཧ་ཅང་རྩ་ཆེན་ཡིན་པ་ཤེས་པར་བྱས་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་དང་རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་ཆེད་གཞོན་ནུ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

ལྔ། དེ་བས་ཟབ་པའི་ཕྱོགས་མང་མཉམ་ལས་བྱེད་དགོས། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་མཉམ་དུ་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོས་ལྷག་བསམ་ཟོལ་མེད་དང་ཁོང་ཡངས་ཀྱི་འདུ་ཤེས་འཛིན་པ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་འཆམ་མཐུན་དང་ཁྱིམ་མཚེས་རྒྱལ་ཁབ་རོགས་ཟླར་བརྩི་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་དང་མཛའ་གྲོགས་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱ་རྒྱུ་ཡིན།

དྲུག དེ་བས་དགེ་མཚན་ལྡན་པའི་མཚོ་ཐོག་མཉམ་འགུལ་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་མཚོ་ཐོག་གི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། མཚོ་ཐོག་གི་མཉམ་ལས་རྒྱ་ཆེར་གཏོང་བ། སེམས་ཐག་བཅད་ནས་ཐུན་མོང་གསར་སྤེལ་བཅས་བྱས་ཏེ“ལྷོ་མཚོའི་བྱ་སྤྱོད་ཚད་གཞི”མགྱོགས་མྱུར་འཇོག་པར་སྐུལ་འདེད་གཏོང་དགོས།

སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་མཚམས་སུ་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀྲུང་གོའི་མི་དམངས་ཀྱི་མཁས་མཛངས་ལྡན་པའི་གཙོ་འཛིན་ཞིག་ཡིན་ལ། ཝེ་ཐེ་ནམ་མི་དམངས་ཀྱི་རླབས་ཆེན་གྲོགས་པོ་ཞིག་ཀྱང་ཡིན། ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དུ་འཚམས་འདྲི་ཐེངས་དང་པོ་གནང་བ་དེ་ལས། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་དང་ཝེ་ཐེ་ནམ་ལ་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་ཡོད། ད་ཐེངས་ཀྱི་འཚམས་འདྲི་འདི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འགྲོ་འོང་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་འགྱུར་ངེས་ཡིན་ལ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཡང་ཐོབ་ངེས་ཡིན་ཞེས་གསུངས་པ་རེད།

སུའུ་ལིན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་ལ་ཝེ་ཐེ་ནམ་ཕྱོགས་ཀྱིས་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཝེ་ཐེ་ནམ་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།

སུའུ་ལིན་གྱིས་གསུངས་དོན། ཝེ་ཐེ་ནམ་དང་ཀྲུང་གོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཝེ་ཐེ་ནམ་གྱི་དངོས་ཡོད་ཀྱི་བླང་བྱ་དང་། འཐབ་ཇུས་ཀྱི་གདམ་ག གལ་ཆེའི་སྔོན་འགྲོ་བཅས་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་བཀའ་བཞིན་ལག་བསྟར་བྱས་ནས་ཀྲུང་གོས་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་དབར་གྱི་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་བདེ་འཇགས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་དེ་བས་མང་བ་གཏོད་རྒྱུ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་དང་གཞོན་ནུ་འགྲོ་འོང་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཟབ་ཏུ་གཏོང་རྒྱུ་བཅས་རེ་སྒུག་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུའི་ཐོག་མཐའ་འཁོར་རྒྱལ་ཁབ་ཀྱི“ཁྱིམ་གཞིས་ཆེན་པོ་ལྔ”འཛུགས་སྐྲུན་གྱི་རེ་འདོད་དང་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་། བདེ་འཇགས། འབྱོར་ཕྱུག་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་དགོས་པའི་གཏན་འབེབས་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བརྟན་པོར་བསྲུང་བ། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་། ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་གྲོས་མཐུན་ལ་བརྩི་སྲུང་ཞུ་བ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་ལ་མཉམ་དུ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཚོ་ཐོག་གི་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ནས་མཚོ་ཐོག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད།

གྲོས་མོལ་མ་གནང་གོང་། སུའུ་ལིན་གྱིས་ཞི་ཅིན་ཕིང་ཁྱབ་ཆུང་བའི་ཇ་སྟོན་གླེང་མོལ་ལ་མགྲོན་འབོད་ཞུས་ཤིང་། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཏང་སྐྱོང་རྒྱལ་སྐྱོང་གི་འདུ་ཤེས་ཐད་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་། ཏང་གི་སྤྱོད་ཚུལ་དེ་བློ་ཕྱོགས་གཏད་མིན་དང་འབྲེལ་བ་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ད་ལོ་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་གསུངས་པ་རེད། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མཉམ་དུ་ཡག་པོ་སྐྱོད་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

གྲོས་མོལ་གནང་མཇུག་འགྲིལ་རྗེས། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་པའི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་45ལ་མཉམ་དུ་དཔང་པོ་གནང་བ་དང་དེའི་ནང་ཕན་ཚུན་སྦྲེལ་མཐུད་དང་། མི་ཐབས་རིག་ནུས། འགག་སྒོ་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར། ཞིང་ལས་ཐོན་རྫས་ཉོ་ཚོང་། རིག་གནས་དང་ལུས་རྩལ། དམངས་འཚོ། མི་ཤུགས་ཐོན་ཁུངས་གསར་སྤེལ། སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད།

ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

ཉིན་དེའི་དགོང་མོར། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་གིས་ལྷན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་འགོ་ཁྲིད་བློ་མཐུན་གསོལ་སྟོན་ལ་ཞུགས་ཡོད་པ་རེད།

ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གི་བྱེད་སྒོར་ཞུགས་ཡོད་པ་རེད།

(སྒྱུར་ཞུས་པ་པ་སངས་དང་། ཚེ་ཁོ། བསྟན་བཟང་། མཚམས་གཅོད)

ཟླ་4ཚེས་14ཉིན་གྱི་ཕྱི་དྲོར། གྲོས་མོལ་གནང་མཇུག་འགྲིལ་རྗེས། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་45ལ་མཉམ་དུ་དཔང་པོ་གནང་བ།

ཟླ་4ཚེས་14ཉིན་གྱི་ཕྱི་དྲོར། གྲོས་མོལ་གནང་མཇུག་འགྲིལ་རྗེས། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་45ལ་མཉམ་དུ་དཔང་པོ་གནང་བ།