གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 14:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཟླ་4ཚེས་14ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཧ་ནོ་དབྱི་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཝེ་ཐེ་ནམ་ལ་སླར་ཡང་རྒྱལ་དོན་འཚམས་འདྲིར་ཡོང་སྐབས་ཝེ་ཐེ་ནམ་གྱི་གསར་བཅོས་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གསར་པ་དངོས་སུ་མཐོང་བྱུང་ལ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་རྨང་གཞི་ཟབ་མོ་ཡོད་པ་དངོས་སུ་མྱོང་ཚོར་བྱུང་། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཝེ་ཐེ་ནམ་གྱིས་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་འགོ་རྩོམ་ཉེར་ཡོད་པས། ཕྱོགས་གཉིས་ཀ་རང་སོ་སོའི་འཕེལ་རྒྱས་ཡག་ཤོས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོས་འགྲོ་ལམ་གྱི་གདེང་ཚོད་དང་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་ཕྱོགས་སུ་སྐྱོད་པ་བཅས་བྱས་ནས་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། ཆབ་སྲིད་ཀྱི་ཁ་ཕྱོགས་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་དེ་བཞིན་བྱ་གཞག་དར་རྒུད་དང་རྒྱལ་ཕམ་དང་འབྲེལ་བ་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གྲོས་གཞི་གལ་ཆེན་ཐད་དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་སྒྲིལ་དང་། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་གྲུ་གཟིངས་བརྟན་པོའི་ངང་མདུན་དུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཏང་དབར་དང་། ཁྲིམས་འཛུགས་སྒྲིག་གཞི། ཆབ་སྲིད་གྲོས་མོལ་རྩ་འཛུགས་བཅས་ཀྱི་ཁ་གཏད་སྤེལ་རེས་མཉམ་ལས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཀྲུང་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ”གོ་སྐབས་སུ་བརྩིས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུ་མི་རབས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་གཏིང་་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་ཐག་སྔར་བས་དམ་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཝེ་ཐེ་ནམ་རྒྱལ་ཚོགས་དབར་འགྲོ་འོང་དང་མཉམ་འགུལ་མང་དུ་ཕྱིན་པ་མ་ཟད། མཉམ་ལས་ཀྱི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་དོན་འཁྱོལ་ལ་འགན་སྲུང་བྱེད་པ། ཕྱོགས་མང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ལས་དོན་མང་ཙམ་བསྒྲུབས་ཏེ་རང་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་སྤེལ་རེས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།
ཁྲེན་ཆིང་མིན་གྱིས་གསུངས་དོན། ཝེ་ཐེ་ནམ་དང་ཀྲུང་གོ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡིན། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་རབས་རིམ་བྱུང་གིས་སྐྱེད་སྲིང་ཞིབ་ཚགས་གནང་བའི་འོག“བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པའི”ཟོལ་མེད་ཀྱི་ལ་རྒྱ་ཆགས་ཡོད་ལ་ཕྱོགས་གཉིས་པོའི་འབྲེལ་བར་ཡུན་རིང་གི་མཛའ་གྲོགས་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་ལས་ཀྲུང་གོའི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་པ་གང་ལེགས་མཚོན་ཡོད། ཏང་གཉིས་པོའི་སྤྱི་ཁྱབ་ཧྲུའུ་ཅིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་མཛུབ་ཁྲིད་གལ་ཆེན་གནང་བས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་ལེའུ་གསར་པ་གཏོད་པར་སྐུལ་འདེད་ཐེབས་རྒྱུ་རེད། ཝེ་ཐེ་ནམ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཏན་ཏིག་བྱས་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཞུགས་པ་རེད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། དབང་སྒྲོན་སྐྱིད་དང་ཚེ་སྒྲོལ་གྱིས་སྒྱུར་ཞུས་བྱས)