གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 14:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧྲན་ཞི་ཞིང་ཆེན་ལིན་ཧྥིན་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ལིན་ཧྥིན་གྱི་ཨར་ལས་རྒྱུ་ཆ་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གིས་ཁྲིམས་འགལ་གྱིས་ཞིང་ས་བཟུང་སྤྱོད་བྱས་པའི་གྱོད་གཞི་དང་། ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀའོ་ཆེ་གེ་མོ་ཡིས་ཁྲིམས་འགལ་གྱིས་ས་ནག་ལྐོག་འདོན་བྱས་པའི་གྱོད་གཞི། ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཀྲོའུ་ཡི་སྤྱི་བདེ་ལས་ཁུངས་ཀྱིས་དབྱང་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་གྱིས་གཏེར་འདོན་པ་སོགས་གྱོད་གཞི་མྱུལ་ཞིབ་བྱས་ཡོད། ཉེ་བའི་ལོ་ཤས་རིང་། སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་དང་། སྐྱེ་དངོས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཡོད།
ཚེས་15ཉིན། སྤྱི་བདེ་པུའུ་ཡིས་སྤྱི་བདེ་ལས་ཁུངས་ཀྱིས་སྐྱེ་ཁམས་ཉེན་རྟོག་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་དཔེ་མཚོན་དང་སྐྱེ་ཁམས་དང་སྐྱེ་དངོས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དཔེ་མཚོན་གྱོད་དཔེ་ཁག་གཅིག་གཅིག་སྡུད་ཀྱིས་ཁྱབ་བསྒྲགས་བྱས་པ་དང་། ད་ཐེངས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞིའི་ནང་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དང་། ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་སོགས་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་སྐྱོབ་དང་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས། སྐྱེ་ཁམས་ཉེན་རྟོག་པའི་ལམ་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྔོན་ལ་འཚོལ་ཞིབ་བྱེད་པ་ཚུད་ཡོད་ལ། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱིས་ཞིང་ས་བཟུང་སྤྱོད་དང་། ཁྲིམས་འགལ་གྱིས་གཏེར་འདོན་པ། རྩ་ཆེའི་སྲོག་ཆགས་དང་སྲོག་ཆགས་ལ་གནོད་འཚེ་གཏོང་བ་སོགས་སྐྱེ་ཁམས་དང་སྐྱེ་དངོས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་ནན་པོ་བྱ་རྒྱུ་ཡང་ཚུད་ཡོད།
སྤྱི་བདེ་པུའུ་ཡི་ཁོར་ཡུག་ཐོན་ཁུངས་དང་བཟའ་བཅའ་དང་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཅུས་ཀྱི་འགན་འཁུར་བས་སྐྱེ་ཁམས་དང་སྐྱེ་དངོས་བདེ་འཇགས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་བདེ་སྐྱིད་དང་འབྲེལ་བ་ཡོད་པ་དང་། ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་དང་འབྲེལ་བ་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལམ་ལུགས་ནན་པོ་དང་། ཁྲིམས་སྐྱོང་ནན་པོ་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཉེན་རྟོག་པའི་ལམ་སྲོལ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཆོད་སེམས་དང་ཤུགས་ཚད་སྔར་ལས་ཆེ་བའི་ཐོག་ནས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་དང་སྐྱེ་དངོས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་དྲག་པོ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་བྱེད་པའི་གོང་ཐིག་བཅས་ནན་སྲུང་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་སྤྱི་བདེ་ལས་ཁུངས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།