གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཆང་ཝེ་དང་། ཀྲའོ་དབྱི་ཕུའུ། པའོ་ཧན།
མི་དམངས་ཉིན་རེའི་ཚགས་པར་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ཉེ་ཆར་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་འཚོགས་པ་རེད། ཁམ་ཕུ་ཁྲེའི་གསར་འགྱུར་པུའུ་ཡི་བློན་ཆེན་ནའེ་ཕ་ཏེ་ལ་དང་། གསར་འགྱུར་པུའུ་ཡི་རྒྱལ་དོན་དྲུང་ཡིག་ཁེན·ཀུའུ་ན་ཝ། ཚོང་དོན་པུའུ་ཡི་རྒྱལ་དོན་དྲུང་ཡིག་ཕེ་ཨེན·སུའོ་ཝུའེ་ཆི་ཐེ། ཡུལ་སྐོར་པུའུ་ཡི་རྒྱལ་དོན་དྲུང་ཡིག་ཤེ་སའེ་སོགས་ཁམ་ཕུ་ཁྲེའི་སྲིད་གཞུང་སྡེ་ཚན་གྱི་དཔོན་རིགས་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨའེ་སང་ཨའོ་དང་། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྐབས་འཕྲལ་ལས་ཚབ་ཅང་ནན། མི་དམངས་ཉིན་རེའི་ཚགས་པར་དང་ཁམ་ཕུ་ཁྲེའི་གཙོ་རྒྱུན་སྨྱན་སྦྱོར་མང་པོའི་གསར་འགོད་པ་དང་དེ་བཞིན་རིག་གཞུང་ལས་རིགས་དང་། རིག་གནས་ལས་རིགས། ཚོང་དོན་ལས་རིགས་བཅས་ཀྱི་འཐུས་མི་40ཙམ་ཞུགས་ཡོད་པ་རེད།
ཚོགས་ཞུགས་མི་སྣས་ཁམ་ཕུ་ཁྲེ་ནི་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོ་བློས་ཐུབ་ཡིན་ཞིང་། ད་ཐེངས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་གྲོགས་པོ་མཉམ་དུ་འཛོམས་ཏེ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་མཉམ་ལས་དང་མི་ཆོས་རིག་གནས་ཀྱི་མདུན་ལམ་ཡངས་པོའི་སྐོར་ལ་ཐུན་མོང་གྲོས་བསྡུར་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།
ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲིའི་རིང་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་ཁམ་ཕུ་ཁྲེའི་ཞིང་ཆེན་6ཏུ་ཡོད་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཉམ་ལས་རྣམ་གྲངས་10ཡི་ལས་ཡུལ་དུ་བཅར་འདྲིར་བསྐྱོད་པའི་གྲས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཚུད་ཡོད། མཉམ་འབྲེལ་བཅར་འདྲི་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱིས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་དང་། གོ་སྐབས་མཉམ་སྤྱོད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མཉམ་དུ་བརྗོད་ཡོད། མཉམ་སྤྱོད་ཚོགས་འདུའི་ཐོག་ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་གཞིར་བཟུང་ནས་བཟོས་པའི་བརྙན་ཐུང་བསྟན་པ་རེད།
མཉམ་སྤྱོད་ཚོགས་འདུའི་ཐོག་མི་དམངས་ཉིན་རེའི་ཚགས་པར་དང་། ཁམ་ཕུ་ཁྲེའི་གསར་འགྱུར་ཁང་།《ཀའོ་མེན་སྐབས་དོན་ཚགས་པར》ཁམ་ཕུ་ཁྲེའི་ཤན་ཉུས་བརྙན་འཕྲིན་ལས་ཁུངས་བཅས་ནས་ཡོང་བའི་གསར་འགོད་པ་5ཡིས་མཉམ་སྤྱོད་སྤེལ་རེས་བྱས་ནས་མཉམ་འབྲེལ་བཅར་འདྲིར་ཞུགས་པའི་མྱོང་ཚོར་སྐོར་ལྷུག་པོར་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱི་གསར་འགོད་པས། ཟམ་པ་སྐྲུན་བཞིན་འདུག་ལ་གཞུང་ལམ་ཡང་རིང་དུ་གཏོང་བཞིན་འདུག ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བཞིན་འདུག་པས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཉིས་ཕན་གྱི་གཏམ་རྒྱུད་མུ་མཐུད་ཡག་པོ་ཤོད་འདོད་ཡོད་ཅེས་བརྗོད་པ་དང་། ཁམ་ཕུ་ཁྲེ་ཕྱོགས་ཀྱི་གསར་འགོད་པས། མཉམ་འབྲེལ་བཅར་འདྲི་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དངོས་སུ་ཚོར་བྱུང་ལ་ཕྱོགས་གཉིས་པོས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།