གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 13:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མིར་མཇལ་འཕྲད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས《ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་གྲོགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས་ལས་དབང་གཅིག་མཐུན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་སྒྲོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མིར་མཇལ་འཕྲད་གནང་བ་རེད།
ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་ལྷན་དུ་ཚོགས་རར་ཕེབས་སྐབས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས《ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་གྲོགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་ལས་དབང་གཅིག་མཐུན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་བསྒྲོན་གནང་བ་རེད།
ཞི་ཅིན་ཕིང་གིས་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་གཉིས་ཀྱི་འཐུས་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་རྩ་བའི་རྨང་གཞི་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཀྱི་ཁྲོད་དུ་ཡོད། དུས་ཡུན་རིང་པོའི་ནང་། མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཉེན་སྐྱོབ་འཚོ་གནས་ཀྱི་གསར་བརྗེའི་ས་བོན་བཏབ་པ་ནས་དཔུང་པ་མཉམ་གཤིབ་ཀྱིས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་མངོན་འགྱུར་བྱེད་པའི་བར་དང་། དེ་ནས་མཉམ་དུ་དེང་རབས་ཅན་གྱི་རྒྱང་ལམ་དུ་བསྐྱོད་པའི་བར། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ལོ་རྒྱུས་ཀྱི་ལེའུ་མཉམ་དུ་བརྩམས་ཡོད་ཅེས་གསུངས་པ་རེད།
འདི་ནི་བྱེད་སྒོ་མ་འཚོག་གོང་། སུའུ་ལིན་དང་ལེང་ཆང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་པར་རིས་འགྲེམས་སྟོན་ལ་གཟིགས་བཞིན་པ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ལྟ་སྐྱོང་ཁྲོད་དུ་རྩ་བ་ཚུགས་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དྲང་བདེན་བྱ་གཞག་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་གྲོགས་ཟབ་ཏུ་བཏང་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཐུན་སྒྲིལ་མཉམ་ལས་ཁྲོད་མེ་ཏོག་བཞད་ནས་འབྲས་བུ་བཏགས་པ་དང་ཕྱོགས་གཉིས་པོས“སྔར་བས་དྲུག”གི་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ནས་ཕན་ཚུན་དབར་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་དོན་གཉེར་བྱེད་པའི་ཁྲོད་རྒྱུན་འཛིན་དང་ཡར་རྒྱས་ཡོང་བ་དང་། ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལག་བསྟར་ཧུར་ཐག་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་དུས་རབས་ཡར་ཐོན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་པ་བཅས་བྱས་ཏེ་ཨེ་ཤེ་ཡ་དང་འཛམ་གླིང་ལ་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྲ་ཞིང་བརྟན་པའི་རྨང་གཞི་ཡིན། གཞོན་ནུ་ནི་བྱ་གཞག་གི་འབྱུང་འགྱུར་དང་རེ་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སླད་ཕྱིན་ལོ་གསུམ་རིང་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་བསྐྱོད་ནས“གསར་བརྗེའི་ཞིབ་སློབ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོའི་གསར་བརྗེའི་ལམ་བུ་བརྒྱུད་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་སྙིང་སྟོབས་འཚོལ་ཞིབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་ཟབ་མོ་ཚོར་བར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལང་ཚོའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།
སུའུ་ལིན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དང་མི་ཆོས་རིག་གནས་སྤེལ་རེས་ལོར་མཉམ་དུ་རྟེན་འབྲེལ་ཞུ་བའི་སྐབས་སུ་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། མཛའ་གྲོགས་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བའི་གཙོ་རྒྱུན་ཡིན། ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་གྱི་མི་རིགས་རང་བཙན་དང་། རྒྱལ་ཁབ་གཅིག་གྱུར། འཛུགས་སྐྲུན་གྱི་འཕེལ་རིམ་བཅས་ལ་སྒེར་སེམས་མེད་པར་རོགས་རམ་གནང་བ་དེ་དག་ཝེ་ཐེ་ནམ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་མ་ཟད། མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལའང་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་རེད། གཞོན་ནུ་ནི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་མཁན་གྱི་རེ་བ་ཡིན། ཝེ་ཐེ་ནམ་དང་ཀྲུང་གོའི་གཞོན་ནུ་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་འགོ་ཁྲིད་པ་སྐུ་ངོ་མས་བཏོད་པ་དང་སྐྱེད་སྲིང་གནང་བའི་སྲོལ་རྒྱུན་མཛའ་གྲོགས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་དགོས། ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་བསྐྱོད་ནས“གསར་བརྗེའི་ཞིབ་སློབ་ཡུལ་སྐོར”གྱི་བྱེད་སྒོ་ཡག་པོ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས། གསར་འབྱེད་གསར་གཏོད་དང་། མཐུན་སྒྲིལ་མཉམ་ལས། མཉམ་དུ་འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་ཆེད་གཙོ་ཤུགས་དམག་གི་ནུས་པ་འདོན་དགོས།
ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མིར་མཇལ་འཕྲད་གནང་ཞིང་། འདི་ནི་བྱེད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་སུའུ་ལིན་དང་ལེང་ཆང་དང་ལྷན་དུ“གསར་བརྗེའི་ཞིབ་སློབ་ཡུལ་སྐོར”རྣམ་གྲངས་ཀྱི་འགོ་བཙུགས་གནང་བ།
བྱེད་སྒོ་མ་སྤེལ་གོང་། སུའུ་ལིན་དང་ལེང་ཆང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་པར་རིས་འགྲེམས་སྟོན་ལ་གཟིགས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་ཀྱི་མཛའ་གྲོགས་འགྲོ་འོང་གི་གནས་ཚུལ་བསྐྱར་དྲན་གནང་བ་རེད།
བྱེད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་། སུའུ་ལིན། ལེང་ཆང་བཅས་ཀྱིས་ལྷན་དུ“གསར་བརྗེའི་ཞིབ་སློབ་ཡུལ་སྐོར”གྱི་རྣམ་གྲངས་སྤེལ་འགོ་བཙུགས་ཤིང་། ཞི་ཅིན་ཕིང་གིས་སུའུ་ལིན་དང་ཧྥན་མིང་ཀྲེང་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལྕགས་ལམ་མཉམ་ལས་ལམ་སྲོལ་གྱི་འགོ་ཚུགས་མཛད་སྒོར་དཔང་པོ་གནང་བ་རེད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)
འདི་ནི་བྱེད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་སུའུ་ལིན་དང་ཧྥན་མིང་ཀྲེང་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལྕགས་ལམ་མཉམ་ལས་ལམ་སྲོལ་གྱི་འགོ་ཚུགས་མཛད་སྒོར་དཔང་པོ་གནང་བཞིན་པ།