གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཀྲུའུ་ཞིའི་ལས་ཤག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཀྲུའུ་ཞིའི་ལས་ཤག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཕེབས་སྐབས་ལེང་ཆང་གིས་རླངས་འཁོར་ནས་བབས་སར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བ་དང་། ཝེ་ཐེ་ནམ་རྒྱལ་ཁབ་བཙུགས་ནས་ལོ་80འཁོར་བ། ལྷོ་ཕྱོགས་བཅིངས་འགྲོལ་བཏང་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དང“ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”ཡིན། ལོ་75ཡི་རིང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་དེ“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”སྲོལ་རྒྱུན་མཛའ་གྲོགས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པར་གྱུར་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་མཛའ་གྲོགས་རོགས་རེས་དང་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་བཏོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ“སྔར་བས་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་སྟེ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་དང་གཉིས་ཁེ་གཉིས་ཕན་གྱི་ལེའུ་གསར་པ་བརྩམས་ནས། ས་ཁུལ་དང་གོ་ལ་ཧྲིལ་པོར་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་མངོན་པར་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མཉམ་ལས་ཀྱི་བརྟན་པོའི་རང་བཞིན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་དུས་བབ་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་བཅག་སྟེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པའི་གྲུ་གཟིངས་ཡང་དག་པའི་གྲུ་ལམ་བརྒྱུད་རླབས་གཤགས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། ཆབ་སྲིད་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་། མཐོ་རིམ་དབར་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ཏང་གི་འགོ་ཁྲིད་ནུས་པ་ཐུན་མོང་ཐོག་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བརྟན་པོའི་ངང་ཡག་པོ་སྐྱོད་དགོས། བདེ་འཇགས་ཐད་མཐུན་སྒྲིལ་གྱི་གཏིང་རྡོ་བརྟན་པོ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་རིམ་སྤོར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། འགོག་སྲུང་ལས་དོན་དང་ཁྲིམས་སྒྱུར་བདེ་འཇགས་ཐད་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་གྲ་སྒྲིག་ཡག་པོ་བྱེད་པ་དང་ཝེ་ཐེ་ནམ་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། དཔལ་འབྱོར་ཐད་མཉམ་ལས་བརྟན་པོ་ཡོང་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”གི་སྒྲོམ་གཞི་སྦྲེལ་མཐུད་ཀྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ། ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་མང་མཉམ་སྦྲེལ་མཉམ་མཐུད་བྱེད་ཟབ་ཏུ་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ། 5Gདང་། མི་ཐབས་རིག་ནུས། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། མི་ཆོས་རིག་གནས་ཐད་མཛའ་གྲོགས་ཀྱི་རླུང་གཡོར་བསྒྲེངས་ཏེ་ད་ལོའི“ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་རབ་དང་རིམ་པ་ཡག་པོ་གཉེར་བ་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱས་ཏེ། རིག་གནས་དང་། ཡུལ་སྐོར། སྨྱན་སྦྱོར། ས་གནས་སོགས་ཀྱི་སྤེལ་རེས་བརྒྱུད་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་པར་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་རྡབ་རྡེག་ཕོག་པ་དང་། ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་མངོན་གསལ་དོད་པོས་བཏེགས་པ། སྲུང་སྐྱོབ་རིང་ལུགས་བསྐྱར་དུ་ཐོན་ཡོང་གི་ཡོད། ཚོང་དོན་གྱི་འཁྲུག་རྩོད་བསླངས་ནས་རྒྱལ་སྤྱིའི་ཚོང་དོན་མ་ལག་ལ་གཏོར་བཤིག་བཏང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་བརྟན་པོར་རྡབ་རྡེག་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་ཕན་ལ་གནོད་འཚེ་བཟོས་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བསྲུངས་ཏེ། བཙན་དབང་ཆབ་སྲིད་དང་ཕྱོགས་རྐྱང་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བློ་སྟོབས་ཆེན་པོས་འགན་འཁུར་དགོས།
ལེང་ཆང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཝེ་ཐེ་ནམ་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་སྟེ། ཝེ་ཐེ་ནམ་དང་ཀྲུང་གོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ནུས་ལྡན་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ནས་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། ཀྲུང་གོས་ལོ་བརྒྱའི་འབད་འཐབ་དམིགས་ཚད་གཉིས་པ་བདེ་བླག་ངང་མངོན་འགྱུར་བྱས་ཏེ། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པར་ཝེ་ཐེ་ནམ་ཕྱོགས་ལ་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོ་ནི་ཝེ་ཐེ་ནམ་གྱི་ཕྱི་ཕྱོགས་འབྲེལ་བའི་གདམ་ག་ཨང་དང་པོ་ཡིན་པས། ཝེ་ཐེ་ནམ་གྱི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཤིན་ཅང་དང་། བོད། ཤང་ཀང་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་ཕྱོགས་གཏོགས་ཡོད་ཚད་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མཉམ་སྦྲེལ་མཉམ་མཐུད་དང་། ཚན་རྩལ་མཐོ་པོ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་བཀྲག་མདངས་འཚེར་ས་དེ་བས་མང་བ་གཏོད་པ། མི་ཆོས་རིག་གནས་སྤེལ་རེས་ཟབ་མོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཆེ་རུ་གཏོང་བ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་མཚོ་ཐོག་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
དེ་ཉིན་ཉིན་དགུང་ལེང་ཆང་གིས་ཞི་ཅིན་ཕིང་ལ་ཕེབས་བསུའི་གསོལ་སྟོན་བཤམས་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
(ལྷག་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)