གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་19ཉིན། 20:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ནོམ་ཕེན་གྱི་རྒྱལ་པོའི་ཕོ་བྲང་དུ་ཁམ་ཕུ་ཁྲེའི་རྒྱལ་པོའི་ཡུམ་ཆེན་མུའུ་ཉི་ལེ་དང་མཇལ་འཛོམས་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ནོམ་ཕེན་གྱི་རྒྱལ་པོའི་ཕོ་བྲང་དུ་ཁམ་ཕུ་ཁྲེའི་རྒྱལ་པོའི་ཡུམ་ཆེན་མུའུ་ཉི་ལེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་མུའུ་ཉི་ལེར་ཁམ་ཕུ་ཁྲེའི་སྲོལ་རྒྱུན་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། ཞི་ཅིན་ཕིང་གིས་རྒྱལ་པོའི་ཨ་ཕྱི་ཞི་ཧ་ནུའུ་ཁེ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ཀྱི་དར་ཆ་ཞིག་ཡིན་པ་དང་། ཁོང་གིས་ཀྲུང་གོའི་འགོ་ཁྲིད་པ་རྒན་རབས་དང་ལྷན་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གཞོམ་གཞིག་མེད་པའི་མཛའ་གྲོགས་བློས་ཐུབ་ཀྱི་འབྲེལ་བ་བཙུགས་ཡོད། ང་ཚོས་ཁོང་གིས་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་ནམ་ཡང་དྲན་གསོ་ཞུ་གི་ཡོད། རྒྱལ་པོའི་ཡུམ་ཆེན་མུའུ་ཉི་ལེ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་དངོས་སུ་གཟིགས་མྱོང་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ལ་དམིགས་བསལ་གྱི་མཛའ་གྲོགས་བརྩེ་དུང་བཅངས་ཡོད་པས། ཁོང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་གཟེངས་རྟགས”ཐོབ་པ་དེ་ནི་མིང་དོན་མཚུངས་པ་ཞིག་རེད། ཀྲུང་གོ་ནི་སྐུ་ཉིད་ཀྱི་ཁྱིམ་ཚང་གཉིས་པ་ཡིན་པས། ཀྲུང་གོར་ཡང་སེ་ཕེབས་པར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
མུའུ་ཉི་ལེ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཁམ་ཕུ་ཁྲེའི་གྲོགས་པོ་རླབས་པོ་ཆེ་ཞིག་རེད། ད་རེས་འཚམས་འདྲིར་ཕེབས་པ་ནི་ཁམ་ཕུ་ཁྲེའི་མི་དམངས་ཡོངས་ཀྱི་གཟི་བརྗིད་ཆེན་པོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱིས་བཏོད་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མཐོང་སྐབས། རང་ཉིད་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བློས་ཐུབ་ཀྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བ་དང་གཞོམ་གཞིག་མེད་པའི་རྡོ་རྗེ་བྲག་ལྟར་གནས་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་ཐོག གྲུབ་འབྲས་དེ་བས་ཆེ་བ་ཐོབ་པའི་སྨོན་འདུན་སེམས་གཏིང་ནས་ཞུ་གི་ཡིན།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་མཇལ་འཛོམས་ལ་ལྷན་དུ་ཞུགས་ཡོད་པ་རེད།