གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་19ཉིན། 20:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ནོམ་ཕེན་ལ་ཕེབས་ནས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་ཉེའི་མཚམས་སུ། ཁམ་ཕུ་ཁྲེའི《ཀའོ་མེན་སྐབས་དོན་ཚགས་པར》དང་། 《ཁམ་ཕུ་ཁྲེའི་ཀྲུང་གོའི་ཉིན་རེའི་ཚགས་པར》 ཁམ་ཕུ་ཁྲེའི“གསར་འགྱུར་གསར་པའི”དྲ་ཚིགས་བཅས་ཀྱི་ཐོག 《ཕྱོགས་གཉིས་ནས་བསྐྱོད་པ་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཡོད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།
ཕྱོགས་གཉིས་ནས་བསྐྱོད་པ་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།
ཁམ་ཕུ་ཁྲེའི་སྲོལ་རྒྱུན་ལོ་གསར་སྐབས་སུ་གྲོགས་པོ་བཟང་པོའི་ཁྱིམ་དུ་མགྲོན་འབོད་གནང་བར་ཧ་ཅང་དགའ་པོ་བྱུང་ལ། སྤུན་ཟླ་ཁམ་ཕུ་ཁྲེའི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། དེ་ནི་ལོ་དགུ་སོང་རྗེས་ངས་སླར་ཡང་ཁམ་ཕུ་ཁྲེར་འཚམས་འདྲི་བྱེད་ཐེངས་ཤིག་ཡིན་པས། ད་ཐེངས་ཀྱི་འཚམས་འདྲིར་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཀྱི་རྨང་གཞི་ཡིན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ས་ཁམས་འདྲ་པོ་ཡོད། མཛའ་གྲོགས་འགྲོ་འོང་དེ་ལོ་2000ཙམ་གྱི་གོང་བར་ཁུངས་འདེད་ཆོག་ཅིང་། ཀྲུང་གོའི་ཐང་རྒྱལ་རབས་སུ་ཀྲེན་ལཱ་རྒྱལ་པོ་ཚང་གི་མི་སྣ་ཀྲུང་གོའི་ཁྲང་ཨན་དུ་འཚམས་འདྲིར་ཡོང་བ་དེར“པིན་ཧན”ཞེས་བརྗོད་ཅིང་། དུས་དེ་ནས་བཟུང་རྒྱལ་ཁབ་གཉིས་དབར་གྱི་འགྲོ་འོང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོའི་རྫ་ཆས་དང་ཚོན་བྱད་མཚོ་ཐོག་དར་གོས་ལམ་ནས་ཁམ་ཕུ་ཁྲེར་སྐྱེལ་འདྲེན་བྱེད་པ་དང་ཁམ་ཕུ་ཁྲེའི་དྲི་ཞིམ་རྫས་དང་དར་སྐུད་སོགས་དམིགས་བསལ་ཐོན་རྫས་ལ་ཀྲུང་གོའི་མི་དམངས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། པ་རུང་དགོན་པའི་བརྐོས་མ་ལས་ལོ་རྒྱུས་ཐོག་གི་རྒྱལ་ཁབ་གཉིས་པོའི་ཚོང་དོན་གྱི་དར་རྒྱས་རྣམ་པ་མཐོང་ཐུབ། ཁམ་ཕུ་ཁྲེའི་སྐྱེས་ཆེན་བླ་མ་མང་པོ་ཞིག་ཀྲུང་གོར་བཀའ་ཆོས་གནང་བར་ཕེབས་མྱོང་ཡོད་ལ། ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་ཀྲོའུ་ཏ་ཀོན་གྱིས་བརྩམས་པའི《ཀྲེན་ལཱ་ཡུལ་སྲོལ་ཟིན་ཐོ》དེ་ཁམ་ཕུ་ཁྲེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཚད་ལྡན་ཡིག་ཆ་གལ་ཆེན་དུ་གྱུར་ཡོད། རླབས་ཆེན་གྱི་ཀྲུང་ཧྭའི་ཤེས་དཔལ་དང་ཀའོ་མེན་གྱི་ཤེས་དཔལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གཟི་མདངས་འཕྲོ་བཞིན་ཡོད།
བརྩེ་དུང་དང་ལ་རྒྱ་ཟབ་མོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པའི་མངོན་གསལ་དོད་པའི་ཁྱད་ཆོས་ཡིན། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་སོགས་ཀྲུང་གོའི་འགོ་ཁྲིད་མི་རབས་རྒན་གྲས་དང་ཆིན་ཝང་ཤིས་ཧ་ནུའུ་ཁེ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་བྱ་གཞག་གསར་གཏོད་གནང་མཁན་ཡིན། ལོ་70ཡི་གོང་ཆིན་ཝང་ཤིས་ཧ་ནུའུ་ཁེ་དང་ཙུང་ལི་ཀྲོའུ་ཨེན་ལའེ་དབན་ལུང་ཚོགས་འདུའི་ཐོག་གྲོགས་པོ་རྙིང་པ་འཕྲད་པ་ལྟ་བུའི་ཚོར་སྣང་བྱུང་ཡོད། ཁམ་ཕུ་ཁྲེ་ཡིས་འགོག་རྐྱེན་སྣ་ཚོགས་བསལ་ནས་1958ལོར་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པ་དང་ཁམ་ཕུ་ཁྲེས་ཕྱི་ཕྱོགས་བཙན་འཛུལ་ལ་འགོག་རྒོལ་དང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོང་བྱེད་པའི་དྲང་བདེན་འཐབ་རྩོད་ལ་ཀྲུང་གོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། ཕན་ཚུན་དབར་རོགས་རམ་མཁོ་བའི་སྐབས་སུ། ཕྱོགས་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱས་ཡོད། ཆིན་ཝང་ཤིས་ཧ་ནུའུ་ཁེ་ཀྲུང་གོར་ལོ་40ཙམ་འཚོ་བ་བསྐྱལ་ནས་ཀྲུང་གོ་ཕ་ཡུལ་གཉིས་པར་བརྩིས་ཤིང་། ཁོང་གིས་བརྩམས་པའི《ཀྲུང་གོ་དྲན་པ》སོགས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལ་བསྔགས་བརྗོད་བྱེད་པའི་གླུ་གཞས་ད་བར་དར་ཁྱབ་བྱུང་ཡོད། རྒྱལ་པོ་ཤིས་ཧ་མུའུ་ཉི་དང་རྒྱལ་པོའི་ཡུམ་ཆེན་མུའུ་ཉི་ལེ་ལོ་ལྟར་ཀྲུང་གོར་ཕེབས་པ་དང་ངས་ཁོང་གཉིས་དང་ཐུག་འཕྲད་ཐེངས་མང་བྱས་ནས་རྒྱལ་དོན་གླེང་མྱོང་ཡོད། 2020ལོར་ངས་རྒྱལ་པོའི་ཡུམ་ཆེན་མུའུ་ཉི་ལེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་གཟེངས་རྟགས”གནང་མྱོང་ཡོད། ལྗིད་ཏིག་ཏིག་གི་གཟེངས་རྟགས་དེས་ཀྲུང་གོའི་མི་དམངས་ཀྱིས་ཁམ་ཕུ་ཁྲེའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་ཟབ་མོ་མཚོན་ཡོད། དུས་རབས་ཀྱི་རིམས་ནད་ཀྱི་མདུན་དུ། དབུ་བཞུགས་བློན་ཆེན་གྱི་འགན་བཞེས་མཁན་ཧུང་སེན་མཆོག་གིས་ཁ་བ་བུ་ཡུག་ལ་མི་འཛེམ་པར་ཀྲུང་གོར་འཚམས་འདྲིར་གནང་བ་དང་ཀྲུང་གོས་སྨན་བཅོས་རུ་ཁག་མང་པོ་ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་པར་བཏང་ཡོད་ལ། ཕྱོགས་གཉིས་པོས་ཕན་ཚུན་སྨན་བཅོས་དངོས་ཟོག་འབོར་ཆེན་མཁོ་འདོན་བྱས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ཀྱི་མདུན་དུ་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་གྲོགས་པོ་བློས་ཐུབ་ཀྱི་མཛའ་གྲོགས་བཙུགས་ཡོད།
འདྲ་མཉམ་གཉིས་ཁེ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པའི་སྒུལ་ཤུགས་སྟོབས་ཆེན་ཡིན། ཀྲུང་གོ་ནི་དུས་ཡུན་རིང་པོའི་ཁྲོད་ཁམ་ཕུ་ཁྲེའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དང་མ་འཇོག་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་ཤར་རླུང་ལ་བརྟེན་ནས་ནང་འདྲེན་བྱས་པའི་ཤིང་ཏོག་ངང་ལག་དང་། ཨ་མྲ འབྲུག་མིག་སོགས་ཁམ་ཕུ་ཁྲེའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྲུང་གོའི་ཁྱིམ་ཚང་མང་པོས་སྤྱོད་བཞིན་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེས་མཉམ་ལས་གསར་སྤེལ་བྱས་པའི་ཤིས་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་དུ་རྒྱལ་སྤྱིའི་ཁེ་ལས་200ལྷག་ཙམ་གཞིས་ཆགས་ནས་ཁམ་ཕུ་ཁྲེའི་བཟོ་ལས་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཁམ་ཕུ་ཁྲེའི་མྱུར་བགྲོད་གཞུང་ལམ་དང་པོ་དང་། རི་རྒྱུད་དུ་བསྐྲུན་པའི་ཟམ་ལམ་དང་པོ། གློག་ཁང་ཆེ་གྲས་དང་པོ། ལུས་རྩལ་ཁང་ཆེ་ཤོས་སོགས་ཀྲུང་གོས་རྒྱབ་སྐྱོར་བྱས་ནས་བསྐྲུན་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱིས་ཁམ་ཕུ་ཁྲེའི་དམངས་ཚོགས་ལ་ཕན་པ་ཏན་ཏིག་ཐོབ་པ་མ་ཟད། ཁམ་ཕུ་ཁྲེའི་ཡུན་རིང་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ཀྲུང་གོའི་རིགས་གཅིག་མཁས་ཅན་ད་དུང་ཁམ་ཕུ་ཁྲེའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་དེ་དེང་རབས་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རོགས་བྱས་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེའི“ཕ་ལམ་ཟུར་དྲུག”མཉམ་ལས་ཀྱིས་ཁམ་ཕུ་ཁྲེའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པའི་རྨང་གཞི་ཡིན། ཀྲུང་གོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་དང་། ས་གཤིས་རྩད་ཞིབ། རིག་གནས་ལོ་རྒྱུས། བཟོ་སྐྲུན་སྒྱུ་རྩལ་སོགས་ཀྱི་རིགས་གཅིག་མཁས་ཅན་འབོར་ཆེན་བཏང་ནས་ལོ་30ཙམ་ཁམ་ཕུ་ཁྲེར་གཞི་ཚུགས་ཏེ་སྔ་རྗེས་སུ་ཀྲོའུ་ས་ལྷ་ཁང་དང་། ཁྲ་ཅའོ་དགོན་པ། ཝུའུ་ཀོ་རྒྱལ་པོའི་ཕོ་བྲང་གི་རྗེས་ཤུལ་ཉམས་བཟོའི་ལས་གྲྭ་བཅས་ལག་བསྟར་བྱས་ནས་ཝུའུ་ཀེའི་གནའ་ཤུལ་གྱི་མིའི་རིགས་ཤེས་དཔལ་གྱི་ནོར་བུའི་བཀྲག་མདངས་སླར་ཡང་འཚེར་བར་བྱས་ཡོད། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཁམ་ཕུ་ཁྲེར་བསྐྱོད་ནས་ལོ་རྒྱུས་དང་རིག་གནས་ཀྱི་རྣམ་པ་ཟབ་མོ་མྱོང་རོལ་བྱས་ཡོད། ཁམ་ཕུ་ཁྲེའི་གྲོགས་པོ་དེ་བས་མང་པོས་རྒྱ་ཡིག་སྦྱངས་ཏེ་གནའ་བོའི་ཀྲུང་ཧྭའི་ཤེས་དཔལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་འགྱུར་མྱོང་རོལ་བྱེད་བཞིན་ཡོད། ལོ་དེ་དག་རིང་། ཀྲུང་གོས་ཁམ་ཕུ་ཁྲེར“མཛའ་གྲོགས་ལམ་བུ”དང“བདེ་སྐྱིད་ཆུ་མིག”བསྐྲུན་པ་མ་ཟད། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་ཡང་བསྐྲུན་ཡོད། ཁམ་ཕུ་ཁྲེར་མངགས་པའི་ཀྲུང་ལུགས་གསོ་རིག་སྨན་བཅོས་རུ་ཁག་གིས་བུ་མོ་འོན་པར་སྨན་བཅོས་བྱས་ནས“ཨ་མ”ཞེས་འབོད་ཐུབ་པ་བྱུང་བ་མ་ཟད། ཡུན་རིང་རྐུབ་སྟེགས་འཁོར་ལོར་བརྟེན་ནས་འགྲོ་སྐྱོད་བྱེད་མཁན་ནད་པ་སླར་ཡང་ཡར་ལངས་ཐུབ་པ་བྱུང་ཡོད།
དུས་རབས་ཕྱེད་ཀ་ཙམ་རིང་། ཨེ་ཤེ་ཡ་སྤྱི་ཡོངས་ཀྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་དང་དཔལ་འབྱོར་མགྱོགས་མྱུར་འཕར་ཏེ་འཛམ་གླིང་གི་འཕེལ་རྒྱས་ལོ་རྒྱུས་ཐོག་གི“ཨེ་ཤེ་ཡའི་ངོ་མཚར”བཏོད་ཡོད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་ཨེ་ཤེ་ཡ་སྤྱི་ཡོངས་དར་རྒྱས་མངོན་འགྱུར་གྱི་འགོ་འཛུགས་ས་གསར་པའི་ཐོག་གནས་བཞིན་ཡོད། ཀྲུང་གོས་ལྷག་བསམ་ཁོང་ཡངས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་ཁྱིམ་མཚེས་རྒྱལ་ཁབ་རོགས་ཟླ་བྱེད་པའི་བྱེད་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ནས་མཐའ་འཁོར་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་པ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱས་ཏེ་ཨེ་ཤེ་ཡའི་དེང་རབས་ཅན་གྱི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུ་ཡིན།
ཨེ་ཤེ་ཡའི་ཁྱིམ་ཚང་ཆེན་པོའི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་ནས་མི་དམངས་ཀྱི་འདུན་པ་སྒྲུབ་པ་དང་ཕྱོགས་གཉིས་ནས་བསྐྱོད་པ་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་མཁན་གྱི་སྔོན་སྐྱོད་པ་དང་དཔེ་སྟོན་པ་ཞིག་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
—— ཆུ་ཚད་དེ་བས་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འཆར་གཞི་འགོད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་ངང་འདམ་ག་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ཕྱི་འབྲེལ་དང་རྒྱལ་སྲུང་སོགས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་། དབྱེན་སྦྱོར་དཀྲུག་ཤིང་རྒྱག་པ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལ་གཏོར་བཤིག་གཏོང་བ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཆབ་སྲིད་ཀྱི་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་དགོས།
—— སྤུས་ཚད་དེ་བས་མཐོ་བའི་གཉིས་ཁེ་མཉམ་ལས་རྒྱ་ཆེར་གཏོང་དགོས། འཕེལ་རྒྱས་སྔོན་འཇོག་དང་མི་དམངས་རྩ་བར་འཛིན་པ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲིད་གཞུང་དབར་གྱི་མཐུན་སྦྱོར་ཨུ་ལྷན་གྱི་ལམ་སྲོལ་ནུས་པ་འདོན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཁམ་ཕུ་ཁྲེའི“ཟུར་ལྔའི་འཐབ་ཇུས”དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “བཟོ་ལས་འཕེལ་རྒྱས་ཀྱི་ཁྱམས་རིང”དང“ཉ་དང་འབྲས་ཀྱི་ཁྱམས་རིང”སྐྲུན་ཟབ་ཏུ་གཏོང་དགོས། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་མཉམ་དུ་སྲུང་སྐྱོང་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྔོན་ཐོན་བཟོ་སྐྲུན་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “ཕ་ལམ་མཐའ་དྲུག”གི་མཉམ་ལས་དེ་བས་བཀྲག་མདངས་འཚེར་བ་བྱས་ནས་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་དགོས།
—— རིམ་པ་དེ་བས་མཐོ་བའི་བདེ་འཇགས་འགན་སྲུང་བརྟན་དུ་གཏོང་དགོས། ཐེ་ཇུས་ལ་ངོ་རྒོལ་དང་། ཁ་ཕྲལ་ལ་ངོ་རྒོལ། “ཚོས་གཞིའི་གསར་བརྗེར”འགོག་ཟོན་དང་བཀག་འགོག་བྱེད་པ་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་ནང་སྦྱོང་དང་། “རྒྱུད་གཅིག་ལམ་གཅིག”རྣམ་གྲངས་མཉམ་སྐྲུན་གྱི་བདེ་འཇགས་སྲུང་སྐྱོང་། འཕྲལ་སྡོམ་དོ་དམ་སོགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་བདེ་འཇགས་ཀྱི་འདུ་ཤེས་འབྲེལ་མཐུད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ས་ཁུལ་དང་འཛམ་གླིང་ཞི་བདེ་བདེ་འཇགས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།
—— དེ་བས་ཟབ་པའི་མི་ཆོས་རིག་གནས་སྤེལ་རེས་བྱེད་དགོས། ཕྱར་བ་གྲུ་འདེགས་དང་མཐུན་འགྲོགས་མཉམ་གནས་མཐའ་འཁྱོངས་དང་། ཤེས་དཔལ་གྱི་འབྲེལ་གཏུག་དང་གླེང་མོལ་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ། རྣམ་པ་སྣ་ཚོགས་ཀྱི་རིག་གནས་ཡུལ་སྐོར་དང་། ཤུལ་བཞག་སྲུང་སྐྱོང་ཉམས་གསོ། གཞོན་ནུ་འགྲོ་འོང་སོགས་ཀྱི་མཉམ་ལས་བྱེད་པ། དམངས་སེམས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨེ་ཤེ་ཡའི་རིན་ཐང་ལྟ་བ་དང་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་མཉམ་དུ་དར་སྤེལ་གཏོང་དགོས།
—— ཚད་གཞི་དེ་བས་མཐོ་བའི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དང་དབན་ལུང་གི་སྙིང་སྟོབས་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་པ་དང་། ཞི་བདེ་དང་དར་རྒྱས་ལ་ཕྱོགས་པའི་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་བསྐྲུན་ཏེ་ཞི་བདེ་ལྷིང་འཇགས་དང་། དར་རྒྱས་མཛེས་སྡུག མཛའ་གྲོགས་མཉམ་གནས་བཅས་ཀྱི་ཨེ་ཤེ་ཡའི་ཁྱིམ་གཞིས་ལག་གདང་སྦྲེལ་ནས་སྐྲུན་དགོས། བཙན་དབང་རིང་ལུགས་དང་། བཙན་དབང་ཆབ་སྲིད། ཚོགས་སྒྲིག་འགོག་རྒོལ་བཅས་ལ་མཉམ་དུ་ངོ་རྒོལ་དང་། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། སྲུང་སྐྱོང་རིང་ལུགས་མཉམ་དུ་བཀག་འགོག་བཅས་བྱས་ནས་སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།
“གནའ་བོའི་མཛའ་གྲོགས་བསྲེག་བཅད་བརྡར་གསུམ་གྱི་གསེར་ལྟར་ཁ་མདོག་མི་འགྱུར”ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ལོ་ཟླའི་འཕོ་འགྱུར་་དང་འགྲན་སློང་སྣ་ཚོགས་ཀྱི་ཚོད་བགམ་ཐེག་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་བློས་ཐུབ་ཀྱི་ཐོག་མའི་བསམ་འདུན་མི་འགྱུར་ཡུན་གནས་ཐུབ་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་སྲུང་དང་། འཕེལ་རྒྱས་མཉམ་གཉེར། དར་རྒྱས་མཉམ་གཏོད་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་བཏང་ནས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད།