གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་14ཉིན། 16:22】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་ཚེས་12ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུ་ལོ་ཧྥུ་ཡིས་ཉིན་དེར་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན་དང་ཁ་པར་བརྒྱབ་ནས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་15ཉིན་ཐུར་ཁེའི་དབྱི་སི་ཐན་པུར་དུ་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཨུ་རུ་སུ་དང་ཡུག་རེན་བར་ཐད་ཀར་གྲོས་མོལ་བྱེད་འགོ་ཚུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།
ཕུའུ་ཅིང་གིས་ཚེས་11ཉིན་གྱི་ཐོ་རེངས་སུ་སྨྱན་སྦྱོར་དུ་གསལ་བསྒྲགས་སྤེལ་ནས། ཨུ་ཡུག་་ཕྱོགས་གཉིས་པོས་ཚེས་15ཉིན་དབྱི་སི་ཐན་པུར་དུ་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། ཕུའུ་ཅིང་གིས་གྲོས་མོལ་བྱེད་པའི་སྐབས་སུ་དམག་མཚམས་འཇོག་པའི་བསམ་འཆར་གསར་པ་འགའ་གཅིག་མཐུན་ཡོང་སྲིད་ཅེས་ཀྱང་ཟེར། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་11ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་སྤེལ་ནས། ཡུག་རེན་ཕྱོགས་ཀྱིས་ཚེས་12ཉིན་ནས་བཟུང་ཨུ་རུ་སུ་དང་ཡུག་རེན་ཕྱོགས་ཡོངས་ནས་ཡུན་རིང་དམག་མཚམས་འཇོག་རྒྱུའི་རེ་སྒུག་བྱས་པ་དང་། ཁོ་པས་ཐུར་ཁེ་རུ་ཕུའུ་ཅིང་ཕེབས་ནས་གྲོས་མོལ་གནང་རྒྱུར་སྒུག་རྒྱུ་ཡིན་ཞེས་བཤད་པ་རེད།