འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

༄༅།།གློག་རྡུལ་དཔང་ཡིག་གི་རྩིས་པའི་གྲངས་གཞིའི་ཚད་གཞི་རྒྱལ་ཡོངས་ལ་ཁྱབ་གདལ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 09:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་9ཡིས་མཉམ་དུ་བརྡ་ཐོ་བཀྲམ་ནས། གློག་རྡུལ་དཔང་ཡིག་གི་རྩིས་པའི་གྲངས་གཞིའི་ཚད་གཞི་རྒྱལ་ཡོངས་ཁྱབ་ཁོངས་ལ་རྒྱ་ཁྱབ་ངང་སྤྱོད་པར་སྐུལ་འདེད་བཏང་སྟེ་གློག་རྡུལ་དཔང་ཡིག་བརྒྱུད་རིམ་ཧྲིལ་པོར་ཐག་གཅོད་ཀྱི“མཐའ་མའི་འགག་གནད”བསལ་བ་རེད།

    2022ལོ་ནས་2024ལོ་བར། སྡེ་ཚན་9ཡིས་གློག་རྡུལ་དཔང་ཡིག་གི་རྩིས་པའི་གྲངས་གཞིའི་ཚད་གཞིའི་ཚོད་ལྟའི་ལས་དོན་མཉམ་དུ་སྤེལ་ནས། སྤྱོད་ཐེངས་མང་བ་དང་། རྩིས་ཞུའི་གྲངས་འབོར་མང་བ། སྤྱི་ཚོགས་ཀྱི་དོ་ཁུར་ཆེ་བ་བཅས་ཀྱི་ཕྱོགས་ཡོངས་གྲངས་འཛིན་ཅན་གྱི་གློག་རྡུལ་བཙོངས་འཛིན་དང་། ལྕགས་ལམ་གློག་རྡུལ་འགྲུལ་པའི་སྤ་སེ། མཁའ་འགྲུལ་སྐྱེལ་འདྲེན་གྱི་གློག་རྡུལ་འགྲུལ་པའི་སྤ་སེའི་འགྲོ་སྐྱོད་ཤོག་བྱང་། དངུལ་ཁང་གི་གློག་རྡུལ་ལན་འཛིན་སོགས་ཀྱི་གློག་རྡུལ་དཔང་ཡིག་བདམས་པ་དང་། སྡུད་སྣེའི་ཚོད་ལྟའི་ཚན་པ(རྩིས་པའི་བྱེད་པོ་ཁྲི་6ལྷག་ཙམ་ཚུད་པ)436དང་། འབྲེལ་ཡོད་ལས་སྟེགས་51 ཞབས་ཞུ་འགན་ལེན་ཚན་པ་12སོགས་དེའི་ནང་ཞུགས་ཡོད། རིམ་རྩིས་བརྒྱབ་ན། བརྒྱུད་རིམ་ཧྲིལ་པོར་ཤོག་མེད་ཅན་ཐག་གཅོད་ཀྱི་ཚད་གཞི་དང་མཐུན་པའི་གློག་རྡུལ་དཔང་ཡིག་དུང་ཕྱུར་2ཙམ་ཟིན་གྱི་ཡོད། ཚོད་ལྟ་སྔོན་དཔག་གི་དམིགས་ཚད་ལྟར་ལེགས་གྲུབ་བྱུང་བ་དང་ཚད་གཞིར་ཁྱབ་གདལ་གྱི་ཆ་རྐྱེན་འཛོམས་ཡོད་པ་རེད།

    ད་ཐེངས་ཁྱབ་གདལ་གཏོང་བའི་ལས་དོན་དེ“ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར”གྱི་རྩ་དོན་ལ་གཞི་ཚུགས་ནས། ཚོད་ལྟའི་ལས་དོན་ནང་ཞུགས་པའི་གློག་རྡུལ་དཔང་ཡིག་སྤྲོད་མཁན་ཚན་པས་འབྲེལ་ཡོད་གློག་རྡུལ་དཔང་ཡིག(ཁ་འགྲེམས)སྤྲོད་ནུས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ཚོད་ལྟའི་ནང་ཞུགས་པ་མ་ཟད། གློག་རྡུལ་དཔང་ཡིག་གི་བརྒྱུད་རིམ་ཧྲིལ་པོ་ཐག་གཅོད་ལེགས་གྲུབ་ཟིན་པའི་སྡུད་སྣེའི་ཚན་པས་ཚོད་ལྟའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བཀོལ་སྤྱོད་གཏིང་ཟབ་མངོན་འགྱུར་བྱེད་དགོས་པ། ཚོད་ལྟའི་ནང་ཞུགས་ཟིན་ཡང་རྩིས་པའི་བྱེད་པོ་ཚང་མའི་གློག་རྡུལ་དཔང་ཡིག་གི་བརྒྱུད་རིམ་ཧྲིལ་པོ་ཐག་གཅོད་ལེགས་གྲུབ་ཟིན་མེད་པའི་སྡུད་སྣེའི་ཚན་པས་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཚན་པ་ཧྲིལ་པོར་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པ། ཚོད་ལྟའི་ནང་ཞུགས་མེད་པའི་ཚན་པས་ཆ་རྐྱེན་འཛོམས་པའི་རྨང་གཞིའི་ཐོག་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་ཡང་དག་བཟུང་ནས་བཀོལ་སྤྱོད་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།