དགུན་དུས་ཀྱི་པད་ཁ་བཅུ་ཆ་བརྒྱད་ཙམ་བསྡུས་པ་དང་། དཔྱིད་འདེབས་འབྲུ་རིགས་བཅུ་ཆ་བརྒྱད་ཙམ་བསྡུས་ཟིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་26ཉིན། 09:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་དབྱར་འབྲུ་དང་པད་ཁ་གཅིག་རྗེས་གཉིས་མཐུད་ངང་རྔ་འགོ་ཚུགས་ཤིང་། འབྲེལ་ཡོད་ས་ཁུལ་གྱིས་དབྱར་འབྲུ་དང་པད་ཁར་ལོ་ལེགས་ཡོང་བའི་བརྩོན་ལེན་ཧུར་ཐག་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
འདི་ནི་གྲོ་བསྡུ་བའི་དུས་ཚིགས་སུ་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏན་གྲོང་ཁྱེར་ཤིས་ཕིང་རྫོང་ལུའུ་མེའོ་ཤང་ཧོ་ཀྲོང་གྲོང་ཚོའི་གྲོང་མིས་བསྡུས་མ་ཐག་པའི་གྲོ་འཕྱར་བཞིན་པ།
དགུན་གྲོ་ནི་རང་རྒྱལ་གྱི་དབྱར་དུས་སུ་བསྡུ་བའི་འབྲུ་རིགས་ལོ་ཏོག་གཙོ་བོ་ཞིག་རེད། ཧོང་ཧོའེ་ཧའེ་ས་ཁུལ་དུ་དགུན་གྲོ་བསྡུ་བའི་འགག་རྩའི་དུས་སུ་སླེབས་ཡོད་པ་དང་ཉིན་10ཡས་མས་སུ་གཞི་ཁྱོན་ཆེན་པོས་བསྡུ་རྒྱུ་རེད། ལྷོ་ནུབ་གྲོ་ཞིང་ཁུལ་དང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་གྲོ་ཞིང་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་གྲོ་རྔ་འགོ་ཚུགས་ཡོད།
འདི་ལོ་དཔྱིད་ཀ་ཤར་བ་ནས་བཟུང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་མཐོ་བ་དང་ཆར་ཆུ་ཉུང་བ་སོགས་ཀྱི་གནམ་གཤིས་ངན་པ་བསྟན་པ་ལས་ཐན་པ་སྟོན་པའི་རྣམ་པ་ཐོན་ཡོད། ནོར་སྲིད་པུས་ཞིང་ལས་གྲོང་གསེབ་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་3.76བཏང་སྟེ་ཧྲན་ཤིས་དང་། ཅང་སུའུ། ཨན་ཧུའེ། ཧོ་ནན། ཀོང་ཤིས། ཧྲའན་ཤིས་བཅས་ཞིང་ཆེན་དྲུག་གིས་ཐན་འགོག་གེགས་སེལ་སོགས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཡོད། ཞིང་ལས་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས། ཉེ་དུས་ཐན་པ་སོགས་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དམ་ཟབ་བྱས་ཏེ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་དངོས་ཟོག་གྲབས་གསོག་དང་ལག་རྩལ་གྱི་གྲ་སྒྲིག་སྔ་ས་ནས་ཡག་པོ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག འཕྲུལ་བསྡུ་དང་འཕྲལ་སྡོམ་ལོ་ཏོག་མྱུར་བསྡུའི་གྲ་སྒྲིག་ཡག་པོ་བྱས་ཏེ་དབྱར་འབྲུ་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་མཛོད་འཇུག་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
དགུན་འདེབས་པད་ཁ་ནི་རང་རྒྱལ་གྱི་དབྱར་དུས་སུ་བསྡུ་བའི་སྣུམ་རྒྱུ་གཙོ་བོ་རེད། འབྲི་ཆུའི་འབབ་རྒྱུད་ཀྱི་ནུབ་ནས་ཤར་ཕྱོགས་སུ་དགུན་འདེབས་པད་ཁ་གཞི་ཁྱོན་ཆེན་པོས་བསྡུ་བཞིན་ཡོད། ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་ཀྱི་གནས་ཚུལ་བཀོད་གཏོང་ལས་མངོན་པར། རྒྱལ་ཡོངས་ཀྱི་དགུན་འདེབས་པད་ཁ་བསྡུ་བའི་མྱུར་ཚད་བཅུ་ཆ་བརྒྱད་ཙམ་ཟིན་ཡོད་པ་དང་སྔོན་དཔག་བྱས་ན་འདི་ལོ་མུའུ་རེའི་ཐོན་འབབ་དེ་ལོ་གོང་མ་ལས་མཐོ་བ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་དགུན་ཁ་དང་འདི་ལོའི་དཔྱིད་ཀར་དགུན་འདེབས་པད་ཁ་ཐོན་ཁུལ་གཙོ་བོའི་དྲོད་ཚད་དང་། ཉི་ནུས། ཆུ་བཅས་སྤྱིའི་ཆ་ནས་འཚམ་པོ་ཡོད་པ་དང་། དེའི་ཁར་ཐོན་འཕར་ལག་རྩལ་གནད་ལ་འཁེལ་ཚད་མཐོ་བའི་དབང་གིས་པད་ཁ་སྐྱེ་འཚར་ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་པ་རེད།
འདི་ནི་ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཕེང་ཙེ་རྫོང་མེན་ཁྲོན་གྲོང་རྡལ་དུ་རྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ཀྱིས་གྲོ་ཞིང་ནང་གྲོ་རྔ་བཞིན་པ།
འདི་ལོ། ཀྲུང་དབྱང་ནོར་སྲིད་ཀྱིས་པད་ཁ་ཐོན་སྐྱེད་ཀྱི་མ་དངུལ་སྔ་སྣུར་དུ་སྤྲད་དེ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་30ལས་བརྒལ་ཡོད། ས་གནས་ཁག་གིས་པད་ཁ་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་དང་། གནད་སྨིན་འཕྲུལ་འདེབས་དང་། ལུགས་མཐུན་འདེབས་འཛུགས་སོགས་འགག་རྩའི་ལག་རྩལ་དོན་འཁྱོལ་བྱས་ཏེ་གཞི་ཁྱོན་ཆེ་བའི་ཐོན་འཕར་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་ཡོད། རིགས་གཅིག་མཁས་ཅན་གྱིས་ཞིང་ནང་དུ་བརྟག་དཔྱད་བྱས་པ་བརྒྱུད། དགུན་འདེབས་པད་ཁ་མུའུ་རེའི་ཐོན་འབབ་སྔར་བས་མང་དུ་འགྲོ་རེ་ཡོད་པ་རེད།
དཔྱིད་རྨོད་དཔྱིད་འདེབས་ཀྱི་འཕེལ་རིམ་སྤྱིའི་ཆ་ནས་བདེ་བླག་བྱུང་བ་དང་རྒྱལ་ཡོངས་སུ་དཔྱིད་འདེབས་འབྲུ་རིགས་བཅུ་ཆ་བརྒྱད་ལས་བརྒལ་ནས་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད་པ་རེད།