འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

༄༅།།ལས་བྱེད་པས་འདི་ལྟར་ཡུལ་སྐོར་བྱས་ན་སྒྲིག་འགལ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 14:11】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

དྲི་བ། “གཞུང་དོན་སྒྲུབ་རིང་གཟའ་མཇུག་གི་ངལ་གསོའི་ཉིན་མོ་སྤྱད་དེ་རང་གིས་འགྲོ་གྲོན་བཏང་ནས་ས་གནས་དེ་གའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱས་ན་སྒྲིག་འགལ་ལ་བརྩི་ཆོག་གམ།

དྲིས་ལན། གནད་དོན་འདི་ནི་ཏང་ཡོན་ལས་བྱེད་པ་དང་། གཞུང་ཞབས་མི་སྣར་རྒྱུན་དུ་འཕྲད་སྲིད་པའི་ཡོངས་ཁྱབ་ཀྱི་གནད་དོན་ཞིག་ཡིན། ཚང་མའི་བྱེ་བྲག་གི་ཁེ་ཕན་དང་འབྲེལ་བ་ཡོད་པས། གལ་ཏེ་ཚད་གཞི་འཛིན་མ་ཐུབ་ན་བསམ་འཆར་དང་གོ་ནོར་འབྱུང་སླ་བ་རེད།

སྒྲིག་ཁྲིམས་དང་འགལ་མིན་བརྡར་ཤ་གཅོད་པའི་གནད་འགག་ཆེ་ཤོས་ནི་སྤྱི་དང་སྒེར་གྱི་དབྱེ་མཚམས་གསལ་པོ་བཟོ་དགོས་པ་དང་། གནས་ཚུལ་མི་འདྲ་བར་གཞིགས་ནས་གནད་དོན་ཞིབ་ཕྲ་ལ་དབྱེ་ཞིབ་བྱེད་དགོས།

ཐོག་མར་སྤྱི་ལ་བརྟེན་ནས་སྒེར་དོན་སྒྲུབ་པའི་གནས་ཚུལ་ཡོད་མེད་ལ་བལྟ་དགོས། གཞུང་ཞབས་མི་སྣ་ཁ་ཤས་ཀྱིས་གཞུང་དོན་ལ་འགྲོ་བའི་མིང་ཐོག་ནས་གོ་སྐབས་དང་བསྟུན་ནས་ཡུལ་སྐོར་བྱེད་པའི་ཀུན་སློང་ཧ་ཅང་མངོན་གསལ་ཡིན་ཏེ། སྔོན་ལ་བསྐྱོད་པའམ་ཡང་ན་ཕྱིར་ལོག་རྒྱུ་ཕྱིར་འགྱངས་བྱེད་པའི་བྱེད་ཐབས་སྤྱད་དེ་རླངས་འཁོར་ལ་བསྡད་ནས་རང་གིས་འགྲོ་གྲོན་བཏང་ནས་ཡུལ་སྐོར་བྱེད་ཀྱི་ཡོད། དཔེར་ན། གཟའ་སྤེན་པ་དང་གཟའ་ཉི་མར་རང་གིས་འགྲོ་གྲོན་བཏང་ནས་ཡུལ་སྐོར་བྱེད་བདེ་བའི་ཆེད་དུ་གཞུང་དོན་གྱི་འཆར་གཞི་དེ་གཟའ་པ་སངས་ལ་བཀོད་སྒྲིག་བྱས་ཡོད། བྱ་སྤྱོད་འདི་རིགས་ཕྱི་ངོས་ནས་བལྟས་ན་གཞུང་དོན་ལ་ཤུགས་རྐྱེན་ཐེབས་མེད་པ་མ་ཟད། གཞུང་དངུལ་བེད་སྤྱོད་བྱས་མེད་མོད། དོན་དངོས་སུ་གཞུང་དོན་ལ་བསྐྱོད་པའི་སྟབས་བདེ་བེད་སྤྱད་ནས་རང་གིས་ཡུལ་སྐོར་བྱེད་པའི་སྒེར་དོན་གཉེར་གྱིན་ཡོད། གལ་ཏེ་སྤྱི་ལ་བརྟེན་ནས་སྒེར་དོན་གཉེར་བ་མ་ཟད། བསམ་བཞིན་དུ་བྱས་པའི་བདེན་དཔང་ཡོད་ན་དེ་ནི་སྒྲིག་འགལ་གྱི་ཁོངས་སུ་གཏོགས།

གཉིས་ནི་སྒེར་གྱི་དབང་གིས་སྤྱི་ལ་གནོད་འཚེ་བཏང་བའི་གནས་ཚུལ་ཡོད་མེད་ལ་བལྟ་དགོས། གཞུང་ཞབས་མི་སྣ་ཁ་ཤས་ཀྱིས་གཞུང་དོན་གྱི་འཆར་གཞི་ཉུང་དུ་གཏོང་བའམ་ཡང་ན་འཆར་གཞིར་འགྱུར་བ་བཏང་ནས། ཡུལ་སྐོར་གྱི་དམིགས་ཡུལ་འགྲུབ་ཐབས་བྱེད་པ་དེ་རིགས་རང་གིས་འགྲོ་གྲོན་བཏང་ནས་ཡུལ་སྐོར་བྱེད་པ་དང་གཞུང་གི་དངུལ་མ་བཏང་མོད། འོན་ཀྱང་གཞུང་དོན་བྱེད་སྒོ་རྒྱུན་ལྡན་ངང་སྤེལ་རྒྱུར་ཤུགས་རྐྱེན་ཐེབས་ཡོད། དེ་ནི་སྒྲིག་འགལ་ཡིན་པ་མངོན་གསལ་ཡིན་ལ་དབྱེ་འབྱེད་བྱེད་པ་ཡང་ཅུང་སླ་བ་རེད།

གསུམ་ནི་སྤྱི་པའི་གྲོན་དངུལ་རྩིས་ཞུའི་ནང་སྒེར་གྱི་གྲོན་དངུལ་བསྲེས་པའི་གནས་ཚུལ་ཡོད་མེད་ལ་བལྟ་དགོས། གཞུང་ཞབས་མི་སྣ་ཁ་ཤས་ཀྱིས་མཛེས་ལྗོངས་ཁུལ་གྱི་སྤ་སེ་སོགས་ཡུལ་སྐོར་འགྲོ་གྲོན་རྩིས་ཞུ་བྱས་མེད་མོད། འོན་ཀྱང་ཡུལ་སྐོར་དུས་ཡུན་དེའི་ནང་གི་ཟ་མ་དང་། ཞག་སྡོད། གཞུང་དོན་ལ་ཕེབས་པའི་ཁ་གསབ་སོགས་ཀྱི་འགྲོ་གྲོན་རྩིས་ཞུ་བྱས་པ་དེའང་སྒྲིག་ཁྲིམས་དང་འགལ་བ་ཞིག་ཡིན་པ་མངོན་གསལ་རེད།

གཞུང་དོན་དུ་བསྐྱོད་སྐབས། རྒྱུན་ལྡན་གྱི་གཞུང་དོན་ལ་ཤུགས་རྐྱེན་ཐེབས་མེད་པའི་གནས་ཚུལ་འོག མི་སྒེར་གྱི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་འགོ་ཁྲིད་ཀྱི་མོས་མཐུན་ཐོབ་པ་བརྒྱུད། རང་ཉིད་ས་གནས་དེ་གའི་ཡུལ་སྐོར་མཛེས་ལྗོངས་ལ་ཕེབས་ནས་རང་གིས་འགྲོ་གྲོན་བཏང་ནས་ཡུལ་སྐོར་མཛེས་ལྗོངས་ལ་ལྟ་སྐོར་བྱས་པ་དང་། ཤུགས་རྐྱེན་ངན་པ་གང་ཡང་བྱུང་མེད་པའི་གནས་ཚུལ་དེ་རིགས་སྒྲིག་འགལ་གྱི་བྱ་སྤྱོད་ལ་བརྩི་མི་རུང་།

གཞུང་སྒེར་མཉམ་བསྲེས་བྱེད་སླ་བའི་ཆ་ཤས་དེར་གསལ་པོར་བཤད་མི་ཐུབ་པ་དང་། གནས་ལུགས་བཤད་དཀའ་བའི་གནས་ཚུལ་བྱུང་སླ་བ་དང་། སྒྲིག་འགལ་ནི་རྒྱུན་དུ་གཞུང་སྒེར་དབྱེ་འབྱེད་མི་བྱེད་པ་ནས་མགོ་བརྩམས་པ་རེད། སྤྱི་དང་སྒེར་གྱི་ཚོད་བགམ་གྱི་མདུན་དུ་དུས་ནམ་ཡང་གཟབ་ནན་བྱས་ནས་རིག་པ་གསལ་པོ་རྒྱུན་འཁྱོངས་བྱེད་དགོས།