གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་26ཉིན། 14:11】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཟུར་པ་འཇིགས་དབང་ལ་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ཡོད་པའི་གྱོད་དོན་ཐོ་འགོད་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། འཇིགས་དབང་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་རུང་། ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་ལས་འགན་རྒྱབ་འགལ་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབ་རྒྱུ་སྣང་མེད་དུ་བཞག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས། སྒྲིག་ཁྲིམས་ལས་འགལ་ཏེ་སྒེར་གཉེར་ཁེ་ལས་བདག་པོའི་གསོལ་སྟོན་དང་ལེན་བྱས་པ་དང་། གཞུང་དོན་ལག་བསྟར་དྲང་གཞག་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་དང་ལག་དངུལ་རྒྱུན་རིང་དང་ལེན་བྱས་པ། གཉེན་ཉེའི་ཆེད་དུ་མི་དོན་ཐད་ཀྱི་ཁེ་ཕན་དོན་གཉེར་བྱས་པ། སྤྱི་པའི་དབང་ཆ་དེ་ཁེ་ཕན་བརྗེ་རེས་བྱེད་པའི་ལག་ཆ་ཞིག་ཏུ་བརྩིས་ཏེ། ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་དང་ལས་གྲྭའི་གྲོན་དངུལ་བསྡོམས་རྩིས་སོགས་ཀྱི་ཐད་སྒེར་གཉེར་ཁེ་ལས་བདག་པོར་ཁེ་ཕན་དོན་གཉེར་བྱས་པ་མ་ཟད་ཁྲིམས་དང་འགལ་ཏེ་རྒྱུ་ནོར་འབོར་ཆེན་བླངས་པ་རེད།
འཇིགས་དབང་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ཞིང་། ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། གཙོ་བོ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་བྱུང་བ་དང་། ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ཡིན་པས་ཐག་གཅོད་ནན་པོར་བྱེད་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག་》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བྱས་པ་མ་ཟད་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལའང་ཆོག་མཆན་ཞུས་པ་བརྒྱུད། འཇིགས་དབང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱིས་ཁོ་པ་གཞུང་ལས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ། སྒྲིག་ཁྲིམས་དང་ཁྲིམས་འགལ་གྱི་ཁོ་པའི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་དེ་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྤྲོད་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་དགོས་པའི་ཁྲིམས་ཐག་བཅད།