གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་27ཉིན། 09:45】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་ལོ་རྒྱུས་ཀྱི་འགན་སེམས་ཆེན་པོ་དང་འགྱུར་མེད་ཀྱི་བསམ་པའི་གཤིས་རྒྱུད་ལ་བརྟེན་ནས་ཏང་ལ་འཕྲད་པའི་ཉེན་ཁའི་ཚོད་བགམ་གལ་ཆེན་དང་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་ཐད་ཀར་ཕྱོགས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བེད་སྤྱོད་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པ་ནས་འགོ་བརྩམས་པ། ནན་པོ་གཙོ་བཟུང་དང་གྲི་དངོ་རང་གཏད། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་། བཅོས་སྒྲིག་བྱེད་ཤུགས་ཆེ་བ་དང་། ལམ་ལུགས་ལག་བསྟར་ནན་པ། དུས་ཚོད་རྒྱུན་མཐུད་རིང་བ་བཅས་སྔར་བྱུང་མྱོང་མེད་པ། ཡུན་རིང་བཀག་འགོག་མ་ཐུབ་པའི་སྤྱོད་ཚུལ་ངན་པ་ཁག་གཅིག་བཀག་འགོག་ཐུབ་པ། ལོ་མང་ཡོ་བསྲང་མ་ཐུབ་པའི་དཀའ་གནད་ཡོ་བསྲང་ཐུབ་པ། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་གསར་རྐྱང་དུ་གྱུར་པ། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཚད་མཐོའི་གཅིག་གྱུར་བྱུང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། རང་ངོས་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་གནས་ཚད་གསར་པ་བཏོད་པ་བཅས་ཏང་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད།
གཅིག དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་ཁ་སྒྱུར་ཕྱོགས་སྟོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལས་རང་རེའི་ཏང་གི་བདེན་དོན་གྱི་སྟོབས་ཤུགས་དང་མི་གཤིས་ཀྱི་སྟོབས་ཤུགས་ཆེན་པོ་གསོན་ཉམས་དོད་པོས་མངོན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་བྱེད་དགོས་དོན་གང་ཡིན་པ་དང་། ལྟ་སྟངས་ཇི་ལྟར་འཛིན་དགོས་པ། ལག་བསྟར་ཇི་ལྟར་བྱེད་དགོས་པ་བཅས་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།
(གཅིག) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་བསྟར་བྱེད་པ་དེ་ནི་དུས་རབས་གསར་པའི་ཏང་གི་ཁ་དན་ཚིག་གནས་ཀྱི་བྱེད་ཐབས་ཤིག་ཡིན་པ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུཌ་བརྙན་དང་། བློ་ཁ་གཏད་ཕྱོཌ། ཏང་གི་འཆི་གསོན་ཆཌ་འཇིག་བཅས་དང་འབྲེལ་བ་ཡོད་པས། ཏང་དང་རྒྱལ་ཁབ་བྱ་གཞག་གི་རྒྱལ་ཕམ་གཏན་འཁེལ་བྱེད་ཀྱི་ཡོད། ཉེན་ཁ་ཇི་ཙམ་ཆེ་བ་དང་། འགྲན་སློང་དེ་ཙམ་མང་བ། ལས་འགན་དེ་ཙམ་ལྕི་བ་བཅས་ཀྱི་སྐབས་སུ་དེ་བས་ཀྱང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྲིད་འཛིན་ཏང་གིས་གལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་གཙིགས་ཆེན་མི་བྱེད་པར་སྤྱོད་ཚུལ་ངན་པས་རང་དགར་ཏང་གི་སྒྲིག་འཛུཌ་ལ་བསླད་སྐྱོན་བཏང་ན། དམངས་སེམས་ཤོར་རྒྱུ་མ་ཟད། སྲིད་དབང་ཡང་ཤོར་བའི་ཉེན་ཁ་ཡོད། ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དེ་དོན་ཆུང་ཞིག་ཏུ་སྣང་མོད། འོན་ཀྱང་དེས་མངོན་པ་ནི་སྙིང་སྟོབས་ཤིག་ཡིན། བྱ་བ་གཅིག་ལེཌ་པར་བསྒྲུབས་རྗེས་སླར་ཡང་བྱ་བ་གཉིས་པ་བསྒྲུབས་ནས་ཚང་མས་ང་ཚོ་ནི་བྱ་བ་སྒྲུབ་ཐུབ་མཁན་ཞིག་དང་བྱ་བ་ནན་ཏན་གྱིས་སྒྲུབ་ཐུབ་མཁན་ཞིག་ཡིན་པ་ཚོར་བར་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་དམངས་ཀྱི་ཡིད་ཆེས་དང་ཏང་ཡོངས་ཀྱི་ཡིད་ཆེས་ཐོབ་ཐུབ་ཅེས་གསུངས་ཡོད།
(གཉིས) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱེད་པར་ཀྲུང་དབྱང་ཆབ་སྲིད་ཅུས་ནས་དམ་འཛིན་བྱེད་པ་དང་གོང་ནས་འོག་ལ་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ། ཁ་བཤད་ལག་བསྟར་དང་ཁས་བླངས་པ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་ཉིད་ནས་འགོ་རྩོམ་དགོས། ང་ཚོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་དཔེ་གཞན་སྟོན་བྱས་ཚེ། གཞི་ནས་གོང་གིས་གང་བྱས་འོག་གིས་བྱེད་པའི་ཕན་འབྲས་ཐོན་པ་དང་དཔེ་སྟོན་གྱི་ཕན་འབྲས་ཆེན་པོ་ཐོན་ཐུབ་པ་མ་ཟད། ཏང་ཡོངས་ཀྱི་སྟོབས་ཤུགས་ཇེ་ཆེར་སོང་ནས་དཀའ་ངལ་དང་ཉེན་ཁ་གང་རུང་ལ་སྐྲག་མི་སྲིད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དང་ཡང་ཡང་བསྡུར་བ་དང་དོན་ཚན་རེ་རེ་བྱས་ནས་ནན་པོས་ཡང་ཡང་བསྡུར་ཏེ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།
(གསུམ) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་གཏོང་གི་འཇུག་སྒོ་དང་སྐུལ་སློང་བཀའ་རྒྱ་ཞིག་ཡིན་པ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་གྱི་གནད་དོན་ངོ་བོའི་ཐོག་ནས་བརྗོད་ན། ཏང་གཤིས་ཀྱི་གནད་དོན་རེད། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་ཕྱི་ཚུལ་གྱི་རྣམ་པ་དོར་ནས་དོན་ངོ་མ་གནས་པ་དང་གཞི་བརྟན་བསམ་འཕེལ་བྱེད་དགོས། གཏན་འབེབས་དོན་ཚན་བརྒྱད་ནི་ཚད་གཞི་མཐོ་ཤོས་མིན་ལ་མཐའ་མའི་དམིགས་ཡུལ་དེ་བས་མིན་པར། དེ་ནི་ང་ཚོས་སྤྱོད་ཚུལ་ལེགས་སུ་གཏོང་བའི་གོམ་པ་དང་པོ་ཙམ་ཞིག་ཡིན་པ་དང་ང་ཚོ་གུང་ཁྲན་ཏང་མིས་ངེས་པར་དུ་སྒྲུབ་དགོས་པའི་གཞི་རྩའི་བླང་བྱ་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཏང་ཀྲུང་དབྱང་གིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ཇི་ལྟར་བྱས་ཏེ་དམ་འཛིན་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་སྐབས། དཀའ་ཚེགས་ཆེ་བའི་ལས་འགན་ཇི་ལྟར་སྒྲུབ་དགོས་མིན་གྱི་གནད་དོན་དེ་ཕྱིས་སུ་གཏན་འབེབས་དོན་ཚན་བརྒྱད་ནས་འགོ་འཛུགས་རྒྱུའི་གཏན་འབེབས་བྱས། གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་མ་ཐག་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་གསུངས་ཡོད།
(བཞི) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པར་ནན་པའི་བླང་བྱ་མཐའ་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ལམ་གྱིས་གཅུན་འདོམས་ནུས་པ་ཐོན་གྱི་ཡོད་པས་དེར་བརྟེན་དམ་དུ་གཏོང་དགོས། གཏན་འབེབས་ནི་གཏན་འབེབས་རང་ཡིན་པས། “ཚོད་ལྟའི་ལག་བསྟར”ཞེས་འབྲི་མི་རུང་བར་དེ་ལས་སེམས་ཐག་གཙང་བཅད་ཀྱི་རྣམ་འགྱུར་དང་གཏན་འབེབས་ནི་བཙན་ཞིང་ནན་པ་ཞིག་ཡིན་པ་མཚོན་པར་བྱེད་དགོས། གཏན་འབེབས་བཟོས་ཕྱིན། ནན་པའི་ཚད་གཞིའི་ཕྱོགས་སུ་འབད་བརྩོན་བྱེད་དགོས་ལ། ལག་བསྟར་ངོ་མ་བྱེད་པ་ལས་སྣང་མེད་དུ་གཏན་ནས་གཏོང་མི་རུང་ཞེས་གསུངས་ཡོད།
(ལྔ) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པར་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་མང་ཚོགས་ཀྱི་རེ་འདུན་ལ་ལན་སློག་དགོས་པ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་གནད་དོན་གྱི་ལྟེ་བ་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བའི་གནད་དོན་ཞིག་ཡིན། ང་ཚོས་གཏན་འབེབས་འདི་བཟོས་པ་དེ་ང་ཚོས་སྲིད་འཛིན་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་དང་མཐུན་ཡོད་ལ་མང་ཚོགས་ཀྱིས་ང་ཚོར་བཅོལ་བའི་རེ་འདུན་དང་ཡང་མཐུན་ཡོད། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་བཅས་ཀྱི་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་བྱེད་སྤྱོད་མཐའ་གཅིག་ཏུ་མེད་པ་བཟོ་བ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་བཅོས་སྒྲིག་བཅས་བྱས་ནས་མི་དམངས་མང་ཚོགས་ཚོས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་དང་འགྱུར་ལྡོག་རྒྱུན་ཆད་མེད་པར་མཐོང་ཐུབ་པར་བྱེད་དགོས་ཞེས་གསུངས་ཡོད།
(དྲུག) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་དང་ཕན་ནུས་ལྡན་པའི་སྒྲིག་ཁྲིམས་དམ་པོ་དང་བྱེད་ཐབས་ནན་པོ་ཞིག་ཡིན་པ་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་ནི་འགག་སྒྲོལ་གྱི་དམག་འཐབ་དང་རྒྱུན་མཐུད་ཀྱི་དམག་འཐབ་ཅིག་ཡིན་པས། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ལོ་བཅུས་མ་འདང་ན་ལོ་ཉི་ཤུ་སྤྱོད་པ་དང་ལོ་ཉི་ཤུས་མ་འདང་ན་ལོ་སུམ་ཅུ་སྤྱད་དེ་སྤྱོད་ཚུལ་ལེགས་གཏོང་དེ་དངོས་འབྲེལ་གོམས་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་ནི་དཀའ་ལས་མང་པོ་བརྒྱབ་ནས་བསྐྲུན་པ་ཞིག་ཡིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་ཤིང་། རྒྱུན་ཆད་མེད་པར་རགས་ཆེན་ལ་སྐོར་ཞིབ་ཉམས་བཟོ་བྱས་ནས་བརྟན་དུ་གཏོང་དགོས། སྙིང་རུས་གཏན་འཁྱོངས་དང་ངར་ཤུགས་ལ་བརྟེན་ནས་རྒྱུན་ལྡན་དང་ཡུན་རིང་དང་། ནན་པོ་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཚགས་བཅས་ཡོང་བར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གོམས་གཤིས་སུ་འཇགས་པ་དང་ཕན་འབྲས་ཐོན་པར་དམ་འཛིན་བྱེད་དགོས།
གཉིས། ཏང་ཀྲུང་དབྱང་གིས་སྣེ་ཁྲིད་དང་ཏང་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་གཏིང་ཟབ་བྱས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་ངོས་གཅུན་འདོམས་དང་རང་ངོས་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱས་ཤིང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱོད་པར་སྐུལ་འདེད་བཏང་སྟེ། སྐྱོན་ཆ་རེ་རེ་བཞིན་ཡོ་བཅོས་དང་གནད་དོན་རེ་རེ་བཞིན་ཚད་བརྒལ། ལོ་རེ་དང་ལོ་རེ་བཞིན་བརྟན་སྲུང་བཅས་བྱས་ཏེ་བརྗིད་ཆེའི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།
(གཅིག) སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ《ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་དོན་ཚན་བརྒྱད》དང་དེའི་ལག་བསྟར་ཞིབ་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། སྐབས་བཅུ་དགུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་སྔ་རྗེས་སུ་ལག་བསྟར་ཞིབ་སྲོལ་ལ་བཟོ་བཅོས་ཐེངས་གཉིས་བརྒྱབ་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལོ་ལྟར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་ཀྱི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་ཕྱོགས་གང་ཅིའི་ཐད་ནས་མཚོན་པར་གནང་གི་ཡོད་ལ། ཐོག་མཐའ་བར་གསུམ་དུ་རང་ངོས་ནས་འགོ་བརྩམས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ལ་མིག་དཔེ་བསྟན་གནང་བ་དང་ཏང་ཡོངས་ལ་འོད་སྟོང་འཕྲོ་བའི་མིག་དཔེ་བསྟན་གནང་ཡོད། དད་སེམས་བརྟན་པོ་རྒྱུན་འཁྱོངས་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་ནས་ཡུན་རིང་མ་སོང་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་སྣེ་ཁྲིད་དེ《བསྐྱར་དར་ལམ་བུའི》འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ཐོག་མར་བཏོན་གནང་བ་དང་རྒྱས་བཤད་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་སོང་མཚམས་སུ་ཧྲང་ཧའེ་རུ་ཏང་གི་ཚོགས་ཆེན་དང་པོའི་ཚོགས་ཡུལ་དང་ཀྲེ་ཅང་ཅ་ཤིང་གི་ནན་ཧུའུ་མཚེའུ་ཡི་གྲུ་དམར་ལ་གུས་མཇལ་ཞུས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་བླ་ན་མེད་པའི་འགན་འཁྲི་འཁུར་དགོས་པའི་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས་ཀྱི་པེ་ཅིང་ཕྱི་རོལ་གྱི་བྱེད་སྒོ་ཐོག་མ་དེ་ཡན་ཨན་གྱི་གསར་བརྗེའི་གནས་མཆོག་ལ་གུས་མཇལ་ཞུས་ནས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད། སྲིད་བརྩོན་དངོས་སྒྲུབ་མཐའ་འཁྱོངས་གནང་ཞིང་། ས་གནས་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་སྟེ་རི་དཀར་ཆུ་ནག་ནས་ལྷོ་རྒྱ་མཚོའི་མཚོ་འགྲམ་བར་དང་། ཀླུང་ཐང་གི་ཆུ་མང་ས་ཁུལ་ནས་བྱེ་ཐང་ཁུལ་བར། གྲོང་གསེབ་སྡེ་ཁུལ་ནས་མཐའ་མཚམས་སོ་ལྟ་ཁང་བར་ཕེབས་ནས་གྲང་ངར་དང་ཚ་གདུག་དང་སྐུ་ངལ་ལ་མི་འཛེམས་པར་ཀྲུང་གོའི་ས་གཞི་ཆེན་པོའི་ཕྱོགས་གང་སར་ཕེབས་ཡོད། རྟོག་ཞིབ་དང་བརྟག་ཞིབ་ཀྱི་ཇུས་གཞིར་སྐུ་ངོ་མས་དམ་འཛིན་བྱས་ནས་བཀོད་སྒྲིག་ཚགས་ཚུད་པ་དང་དངོས་སྒྲུབ་ཕན་ཆེ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཕྱིར་ཕེབས་སྐབས་ལམ་གཤོང་དུ་མི་འཇུག་པ་དང་ལམ་འགོག་ཏུ་མི་འཇུག་པར་མང་ཚོགས་དང་ཐད་ཀར་འབྲེལ་གཏུག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་གི་ཡོད། མི་ཉུང་སྟབས་བསྡུས་དང་སྣེ་ལེན་སྟབས་བདེ་མཐའ་འཁྱོངས་གནང་སྟེ་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་སྟབས་བདེའི་ཁང་པར་བཞུགས་པ་དང་དམག་གྲུ་171སྟེང་ཕེབས་ནས་འཐབ་གྲོགས་ཚོ་དང་མཉམ་དུ་ཞལ་ལག་མཆོད་ཡོད། ཧྲའན་པེ་ལེང་ཅ་ཧོ་རུ་ཡུལ་མི་ཚོ་དང་མཉམ་དུ་སྣུམ་སྲེག་མོག་མོག་དང་ས་གནས་ཀྱི་ཁྱད་ལྡན་ཞལ་ལག་མཉམ་དུ་མཆོད་ཡོད། “ཐུང་གསར་བདེན”གསུམ་གྱི་ཡིག་ཆ་འབྲི་སྲོལ་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་གནང་སྟེ་མང་ཚོགས་དང་འབྲེལ་འདྲིས་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་གསུང་བཤད་གནང་ཡོད། ལྷག་བསམ་གྱི་བརྩེ་སེམས་བཅངས་ཤིང་། རིམ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་དང་འཕྲལ་མར་ཁས་ལེན་དམ་བཅའ་འཇོག་དགོས་པའི་བླང་བྱ་བཏོན་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14རུ་ཕེབས་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ཤུགས་ཚད་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་རྒྱལ་ཁ་ལེན་པར་བཀོད་འདོམས་གནང་སྟེ། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་བྱས་རྗེས་བཏོད་ཡོད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་གནང་སྟེ། རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་སེམས་གཅིག་སྒྲིལ་གྱིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ནུས་ཆེའི་སྒོ་ནས་སྤྱི་འདོམས་སྣེ་ཁྲིད་གནང་ཡོད། ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། མི་སེར་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གཅིག་སྡུད་འགག་སྒྲོལ་གནང་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་དེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞི་གལ་ཆེན་དུ་བརྩིས་ཏེ“ནན་ཏན་ལ་སྣང་ཆེན་བྱེད་པའི”སྙིང་སྟོབས་དང“སེམས་ཤུགས་བརྟན་པའི”བྱ་སྤྱོད་ཀྱི་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་རིམ་གྱིས་དོན་འཁྱོལ་བྱས་ཏེ་རང་ངོས་གཅུན་འདོམས་ནན་པོ་བྱེད་ཐུབ་པ་དང་ལག་བསྟར་ཆད་ལུས་མེད་པར་བྱས་ཡོད། བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་སུ་གཏོང་བའི་ཐད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་འབྲེལ་ཡོད་གནད་དོན་གལ་ཆེན་ལ་དམིགས་ནས་བརྟག་ཞིབ་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འདོན་རྒྱུར་གཙིགས་ཆེན་གནང་བས་ཕན་འབྲས་དངོས་དོན་གཉེར་བྱས་ཡོད། ཚོགས་འདུ་དང་་བྱེད་སྒོ་ཁུ་བསྡུ་བྱེད་པའི་ཐད་ཚོགས་འདུ་དང་བྱེད་སྒོ་གལ་ཆེན་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚོགས་འདུ་དང་བྱེད་སྒོའི་གྲངས་འབོར་དང་གཞི་ཁྱོན་ཚོད་འཛིན་ནན་པོ་བྱས་ཏེ་བརྙན་ལམ་གྱི་བྱེད་ཐབས་མང་པོ་སྤྱད་དེ་ཚོགས་འདུ་འཚོགས་པའམ་ཡང་ན་བྱེད་སྒོ་གཉེར་ཡོད། ཡིག་ཆ་དང་བསྡུས་འཕྲིན་ཁུ་བསྡུ་བྱེད་པའི་ཐད་ཡིག་ཆ་འགྲེམས་སྐབས་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡིག་ཆའི་གྲངས་འབོར་དང་། ཤོག་གྲངས། ཚད་གཞི་བཅས་ཚོད་འཛིན་ནན་པོ་བྱས་ཡོད། གསར་འགྱུར་འཕྲིན་སྤེལ་ལེགས་སུ་གཏོང་བའི་ཐད་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་བྱེད་སྒོའི་འཕྲིན་སྤེལ་གྱི་ཡིག་གྲངས་དང་དུས་ཡུན་ཚོད་འཛིན་ནན་པོ་བྱེད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་ཚོགས་འདུའི་གསར་འགྱུར་འཕྲིན་སྤེལ་གྱི་ཐེངས་གྲངས་ཚོད་འཛིན་ནན་པོ་བྱེད་པ། འཕྲིན་སྤེལ་གྱི་བརྗོད་དོན་གཙོ་བོ་དང་གཙོ་རྐང་དང་། སྤེལ་གཏོང་དུས་ཚོད། ཤོག་གྲངས་མང་ཉུང་བཅས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་པར་ངོས་དང་། དུས་ཚོད། བརྙན་པར་བཅས་དེ་བས་མང་བ་མི་དམངས་མང་ཚོགས་ལ་བཞག་ཡོད། ཧུར་བསྲི་གྲོན་ཆུང་ལག་བསྟར་ནན་པོ་བྱེད་པའི་ཐད་གཞུང་ལས་ཁང་དང་། སྡོད་ཁང་། གཞུང་འཁོར་སོགས་ཀྱི་ལས་ཀ་དང་འཚོ་བའི་ཐོབ་ཐང་གི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཡོད། ཕྱི་རྒྱལ་དུ་འཚམས་འདྲིར་སྐྱོད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། སྐུ་སྲུང་ལས་དོན་ལེགས་སུ་གཏོང་བ། ཡིག་ཆ་འགྲེམས་སྤེལ་ནན་པོ་བྱེད་པ་སོགས་ཐད་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱས་ཡོད།
(གཉིས) རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང“འགག་རྩའི”གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་སྤྱོད་ཚུལ་བསྒྱུར་རྒྱུར་བསམ་བློའི་འགོག་རྐྱེན་སེལ་བ་དང་བསམ་པའི་སྒུལ་ཤུགས་བསྣན་ཡོད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བཅས་དང་དེ་བཞིན་ད་ལྟ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བཅས་ཚང་མས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། བསམ་བློ་དང་ཆབ་སྲིད་ཐད་ཞིབ་བརྟག་དང་། དབྱེ་ཞིབ། བསམ་ཞིབ་བཅས་བྱེད་པ། སྤྱོད་ཚུལ་གྱི་གནད་དོན་ལ་བསྡུར་བ་དང་། བཤེར་འདོན། བཅོས་སྒྲིག་བཅས་བྱེད་པ། གདོང་དམར་པོ་ཆགས་པ་དང་རྔུལ་ནག་ཤོར་བ་དང་བསམ་བློར་གཡོ་འགུལ་ཐེབས་པ། ལྷད་སྐྱོན་དོར་བ་དང་། ནད་དུག་སེལ་བ། སྦགས་བཙོག་འགོག་པ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
(གསུམ) “སྤྱོད་ཚུལ་བཞིའི”མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གོམ་པ་རེ་རེ་བཞིན་འབེན་གཏད་བཅོས་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཡོད། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་འགལ་ཟླ་གཙོ་བོར་དམ་འཛིན་ནན་པོ་བྱེད་པ་དང་། གནད་དོན་གང་ཞིག་མངོན་གསལ་དོད་པ་དེ་གཙོ་གནད་ཐོག་ཐག་གཅོད་བྱེད་པ་དང་གནད་དོན་གང་ཞིག་ཁ་ཚ་དགོས་གཏུགས་ཡིན་པ་དེར་དམ་འཛིན་ཐག་གཅོད་བྱས་ནས། འབེན་ས་གནད་འཁེལ་འཚོལ་བ་དང་། འབེན་ཡོད་སར་མདའ་འཕེན་པ། སྔ་ཙམ་དམ་འཛིན་དང་ཆུང་ས་ནས་དམ་འཛིན། སྐྱོན་ཆུང་དུས་སེལ་བ་བཅས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་མང་ཚོགས་ཀྱི་བསམ་འཆར་མང་བའི“སྤྱོད་ཚུལ་བཞིའི”གནད་དོན་ལ་དམིགས་ནས། གཞུང་དངུལ་སྤྱད་དེ་ཟླ་མཆོད་བག་ལེབ་དང་ལོ་གསར་གྱི་རྟེན་འབྲེལ་ཤོག་བྱང་ཉོས་པ་དང་། གཞུང་དངུལ་སྤྱད་ནས་ཟ་འཐུང་བྱེད་པ་དང་ལག་རྟགས་སྤྲོད་པ། གཞུང་དངུལ་སྤྱད་ནས་ཡུལ་སྐོར་བྱེད་པ། གཞུང་འཁོར་སྒེར་སྤྱོད་བྱེད་པ། སྒྲིག་འགལ་ངང་ལས་ཁང་ཚོགས་ཁང་མགྲོན་ཁང་སོགས་གཞུང་ཁང་ཆེ་རིགས་སྐྲུན་པ། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ། དངུལ་དང་དངོས་པོ་གང་བྱུང་དུ་སྤྲོད་པ། འདུ་གནས་ཁང་ནང་གི་ཚུལ་ངན། སྒྲིག་འགལ་ངང་ཀོར་ཧྥུ་སྤོ་ལོ་རྩེད་པ་སོགས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ལ་དམ་པོར་དམིགས་ནས་སྒྲིག་འགལ་ངང་ལག་རྟགས་འབུལ་རྟེན་ལེན་པ་དང་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། གློག་རྡུལ་ཤོག་ཆག་ལེན་པ་དང་སྒེར་འཁོར་གཞུང་གསོ་སོགས་ཀྱི་མངོན་མེད་ཐབས་སྒྱུར་གྱི་གནད་དོན་སྔོག་བཤེར་གཏིང་ཟབ་བྱས་ཏེ། རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་དམིགས་བསལ་གྱི་ཐོན་ཁུངས་སྤྱད་ནས་སྒེར་ཕན་སྒྲུབ་པ་སོགས་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་གདམ་ག་བྱེད་པ་དང་། སླ་བཅོས་བྱེད་པ། ཉུང་འཕྲི་བྱེད་པ། རྣམ་འགྱུར་སྟོན་མང་བ། ཆ་རྐྱེན་མཐོ་བ། བྱ་སྤྱོད་སྤེལ་ཉུང་བ། དོན་འཁྱོལ་ཞན་པ་བཅས་ཀྱི་གནད་དོན་གཅིག་སྡུད་ཐོག་ཡོ་བསྲང་བཅོས་སྒྲིག་བྱས་ཏེ། “རིམ་དམའི་དམར་པོ”དང“རིམ་མཐོའི་ནག་པོ”སྔོན་འགོག་བྱས་ཡོད། ཀྲུང་དབྱང་གི་རིམ་པ་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ཏེ་ཚོགས་ཡིག་གཉིས་མང་དང་། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་དྲགས་པ། ཟིན་ཐོ་འགོད་དྲགས་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྒྲིག་བྱེད་པ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག་བཟོས་ནས་ལག་བསྟར་བྱེད་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་འདོན་པ། གཞི་རིམ་བཅོས་སྐྱོང་གི“རྟ་ཆུང་གིས་ཐེར་ཆེན་འདྲུད་པའི”མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། “སོར་རྩེའི”ཕྱི་ཚུལ་རིང་ལུགས་འགོག་བཅོས་བྱེད་པ། གཞི་རིམ་གྱི་དཔྱད་ཞིབ་ཁུ་བསྡུ་དང་ལེགས་སུ་གཏོང་བ། གཞི་རིམ་ནས་ལས་དོན་མི་སྣ་གཡར་འཐེན་བྱ་རྒྱུར་ཚོད་འཛིན་ནན་པོ་བཅས་བྱས་ཏེ་ཤང་གྲོང(ཁྲོམ་གཞུང)གིས་འགན་སྒྲུབ་གསལ་ཐོ་ཕྱོགས་ཡོངས་ནས་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། དབང་ཆའི་ལྟ་བ་ཡོ་བ་དང་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛོལ་བའི་སྣང་ཚུལ་ལ་དམ་པོར་དམིགས་ཏེ“ནར་ལུས་ལས་གྲྭ”དང་། “རྟགས་མཚོན་ལས་གྲྭ” “ངོ་སོའི་ལས་གྲྭ”བསྡོམས་རྩིས་རྫུན་བཟོ་དང་དེ་བཞིན་གཞི་རིམ་བཅོས་སྐྱོང་གི་སྣང་ཚུལ་ངན་པ་སོགས་དག་ཐེར་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱས་ཡོད། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། སྒྲིག་འགལ་ངང་བཟའ་འཐུང་བྱེད་པ་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ། སྒྲིག་འགལ་ངང་གཞུང་དོན་སྣེ་ལེན་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱས་པ་དང་། གསོ་སྦྱོང་རྟོག་ཞིབ་ཀྱི་གོ་སྐབས་དང་བསྟུན་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ་དང་ལས་ཁང་ཚོགས་ཁང་མགྲོན་ཁང་སོགས་གཞུང་ཁང་ཆེ་རིགས་རྒྱས་སྤྲོས་མཛེས་བཟོ་བྱས་པ་སོགས་ཀྱི་སྣང་ཚུལ་ཡོ་བསྲང་བཅོས་སྒྲིག་ནན་པོ་བྱས་ཡོད།
(བཞི) ལྟ་སྐུལ་སྒྲིག་བསྟར་ལ་ཤུགས་སྣོན་བརྒྱབ་ནས་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ལ་ལྟ་སྐུལ་བྱ་རྒྱུ་དེ་ཏང་གི་སྤྱོད་ཚུལ་ལེགས་གཏོང་གི་རྒྱུན་གཏན་རང་བཞིན་གྱི་གཙོ་གནད་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་། གླེང་ཕྱོགས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་སོགས་ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། གྲངས་གཞི་ཆེན་པོའི་ལག་རྩལ་སྤྱད་ནས་ལྟ་སྐུལ་བྱེད་ཐབས་རྒྱ་ཆེར་གཏོང་བ། ལྟ་སྐུལ་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “སྤྱོད་ཚུལ་བཞིའི”གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚུལ་མིན་སྤྱོད་ཚུལ་ལ་ཆད་པ་གཅོད་པའི་ལྟ་སྐུལ་གྱི་གནོན་ཤུགས་ཆགས་པར་བྱས་ཡོད། གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། “ལྔ་གཅིག” ལྔ་པའི་ཚེས་ལྔའི་དུས་ཆེན། བརྒྱད་པའི་བཅོ་ལྔའི་དུས་ཆེན། རྒྱལ་སྟོན་སོགས་ཀྱི་མཚམས་ཚིགས་གལ་ཆེན་ལ་དམིགས་ནས་ལྟ་སྐུལ་དྲན་སྐུལ་དང་མངོན་བཤེར་ལྐོག་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་བརྡ་ཁྱབ་དམར་འདོན་དང་ཉེན་བརྡ་གཏོང་བའི་སློབ་གསོ་སྤེལ་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། མཚམས་དང་ཚོད་མི་བྱེད་པ་སོགས་ཀྱི་ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ནས་ཟིལ་གནོན་གྱི་ཕན་འབྲས་ཐོན་པར་ཤུགས་སྣོན་བརྒྱབ་ཡོད། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྲི་107.6ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་ཁྲི་152.3ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་མི་ཁྲི་99.5ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་གྱི་ཟླ་རེའི་སྙན་སེང་ལམ་ལུགས་བཟོས་ཏེ་2025ལོའི་ཟླ་3པའི་བར། བསྟུད་མར་ཟླ་བ་138རིང་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་གྲངས་གཞི་ཁྱབ་བསྒྲགས་བྱས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གྱོད་དཔེ་ཞིབ་བཤེར་བརྡ་ཁྱབ་ལམ་སྲོལ་བཙུགས་ནས་མུ་མཐུད་ལག་བསྟར་ནན་པོ་བྱ་རྒྱུའི་བརྡ་རྟགས་བཏང་ཡོད།
(ལྔ) རྩ་ལག་མཉམ་བཅོས་གཏིང་ཟབ་བྱས་ནས་ཚུལ་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱས་ཡོད། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་དང་། དབང་ཆར་དོ་དམ། དཔོན་རིགས་བཅོས་སྐྱོང་བཅས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། སྒྲིག་སྲོལ་ལམ་སྲོལ་ལ་བརྟེན་ནས་སྟོང་ཆ་ནུས་ཤུགས་ཡོད་རྒུས་གསབ་སྟེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་ཀྱི་རླུང་ཙེ་དམ་དུ་བཏང་ཡོད། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་བསྲུང་བྱ་དང་། སྤྱོད་གཙང་རང་འདོམས་ཀྱི་བསྲུང་བྱ། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བཅོས་དང་གཏན་འབེབས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་བླང་བྱ་དེའི་ནང་བཅུག་ཡོད། ཚུལ་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་སྟེ། “ཚུལ་ངན་རུལ་བཤེར”གྱིས“ཚུལ་ངན་རུལ་འགེབས”བྱ་རྒྱུ་སྔོན་འགོག་བྱས་ཏེ། ཚུལ་མིན་སྤྱོད་ཚུལ་རྒྱབ་ཀྱི་འབུལ་རྟེན་སྤྲད་ནས་དོན་དག་སྒྲུབ་པ་དང་ཁེ་ཕན་སྤྲོད་རེས་བྱེད་པ་སོགས་ཀྱི་རུལ་སུངས་ཀྱི་གནད་དོན་སྔོག་བཤེར་གཏིང་ཟབ་བྱས་པ་མ་ཟད། “རུལ་སུངས་ནས་སྤྱོད་ཚུལ་ཡོ་བསྲང”དང་། རུལ་སུངས་རྒྱབ་ཀྱི་སྐྱིད་འདོད་དང་བག་མེད་ལོངས་སྤྱོད་སོགས་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་ནན་པོ་བྱས་ཏེ། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོས་ཡོད། “སྤྱོད་ཚུལ་བཞི”ཡོ་བསྲང་དང་དར་སྲོལ་གསར་པ་འཛུགས་པ་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་གཏོང་བ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོའི་སློབ་གསོ་སྤེལ་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དམ་པ་དོན་གཉེར་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་སྤྱོད་བཟང་བསྐྱངས་ཡོད།