ས་ཁུལ་ཁག་གིས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་བཏང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་27ཉིན། 09:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དུས་ཡུན་ངེས་ཅན་ཞིག་རིང་། ས་གནས་ཁག་གིས་རང་རྟོགས་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། སློབ་སྦྱོང་གི་རང་འགུལ་ཆེ་རུ་གཏོང་བ། ཞིབ་བཤེར་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྲིག་གི་ཕན་འབྲས་དངོས་འགན་ལེན་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱས་ཡོད།
སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་དང་ཏན་ཏིག་བྱས་པ།
“སྔོན་ཆད་གཏན་འབེབས་དེ་དག་དོན་འཁྱོལ་བྱ་རྒྱུ་ནི་འགོ་ཁྲིད་ལས་བྱེད་པའི་ལས་ཀ་ཡིན་པས་ང་ཚོ་དང་འབྲེལ་བ་དེ་ཙམ་མེད་པའི་སྣང་བ་ཡོང་གི་འདུག ད་ཆ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་དོན་ཆུང་དང་གནད་དོན་ཆུང་ཙག་ལའང་སྣང་ཆུང་བྱེད་མི་རུང་བ་དེ་བས་ཀྱང་གསལ་པོ་ཤེས་བྱུང”ཞེས“ནན་གཡོད་ཏང་ཡོན་གྱི་སློབ་ཁང་ཆེ་མོའི”སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཉན་རྗེས། ཀོང་ཏུང་ཞིང་ཆེན་ཆིང་ཡོན་གྲོང་ཁྱེར་དབྱང་ཧྲན་རྫོང་ལིན་པེ་གྲོང་རྡལ་ལིན་པེ་གྲོང་ཚོའི་ཏང་ཡོན་ཞིག་ལ་མྱོང་ཚོར་ཟབ་མོ་བྱུང་ནས་དེ་ལྟར་བརྗོད།
སློབ་སྦྱོང་སློབ་གསོའི་ཁྲོད། ཀོང་ཏུང་ཞིང་ཆེན་གྱིས“ནན་གཡོད་ཏང་ཡོན་གྱི་སློབ་ཁང་ཆེ་མོ”གཉེར་བ་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་སློབ་ཁྲིད་བྱས་པ་དེ་ཞིང་ཆེན་ནང་ཁུལ་གྱི་གྲོང་ཚོ་དང་སྡེ་ཁུལ་ཁྲི་2.7གྱི་ཡན་ལག་སློབ་ཁང་གིས་དུས་མཉམ་དུ་ལྟ་ཉན་བྱས་ཡོད། ཆེད་དོན་ཟུར་ཁྲིད་མཇུག་འགྲིལ་རྗེས། གྲོང་ཚོ་ཁག་དང་སྡེ་ཁུལ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་བཀོད་སྒྲིག་བྱས་ནས་ས་ཆ་དེ་རང་དུ་སློབ་སྦྱོང་དང་བགྲོ་གླེང་ཐེངས་ཤིག་བྱས་ཡོད།
ས་གནས་ཁག་གིས་སློབ་སྦྱོང་དང་བགྲོ་གླེང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱིས་གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ཏེ་ཏང་ཡོན་ལས་བྱེད་པས་ཟབ་སྦྱོང་མཐིལ་རྟོགས་ཡོང་བར་ཁྲིད་སྟོན་བྱས་ཡོད། ཁྲང་ཁྲུན་ཁུལ་གསར་གྱིས་ན་གཞོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་དང་། དཔེ་མཚོན་གྱི་གྱོད་དཔེ་བརྒྱུད་ལས་ཐོག་ཉེས་གསོག་གི་རྒྱུ་རྐྱེན་དང་། འགྱུར་ལྡོག་འགྲོ་བའི་བརྒྱུད་རིམ། གནོད་འཚེའི་མཇུག་འབྲས་བཅས་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ན་གཞོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་དགོས་པའི་ཁྲིད་སྟོན་བྱས་ཡོད།
བཤེར་འདོན་བཅོས་སྒྲིག་ཐད་མཁྲེགས་སར་གཏུག་ཕོད་པ་བྱས་པ།
“ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཇུས་འགོད་ཐད་ད་དུང་ཧེ་བག་ཡོད” “ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པར་ལྕག་སྐུལ་གཏོང་བའི་བྱེད་སྟངས་དང་ཐབས་ཤེས་མང་པོ་མེད” ཉིན་ཤས་གོང་། ཧྲན་ཤིས་ཞིང་ཆེན་ཅིན་ཁྲེང་གྲོང་ཨུད་ཀྱིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མིས་རང་རང་སོ་སོའི་ཁག་བགོས་འགན་འཁུར་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་ཚུལ་ཤོད་པ་དང་། མྱོང་ཚོར་གླེང་བ། གནད་དོན་ཤོད་པ། གྲོས་འགོ་འདོན་པ་བཅས་བྱས་ཡོད།
སློབ་སྦྱོང་སློབ་གསོའི་ཁྲོད། ཅིན་ཁྲེང་གྲོང་ཨུད་ཀྱིས་གནད་དོན་གྱི་གསལ་ཐོ་གཉིས་དང་བསྡུར་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་དང་སྐོར་གཟིགས་སྐོར་ཞིབ་སོགས་ཀྱི་ཐབས་ལམ་དང་ཟུང་འབྲེལ་བྱས་ནས་གནད་དོན་ལ་གྲལ་བཤེར་བྱས་ཏེ། གྲོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་སློབ་སྦྱོང་སློབ་གསོའི་གནད་དོན་འཚོལ་བཤེར་གྱི་གསལ་ཐོ་བཟོས་ཤིང་། གསལ་ཐོའི་ནང་གནད་དོན་ཆེ་གྲས་རིགས་དགུ་དང་ཞིབ་ཕྲའི་མཚོན་ཚུལ་15ཚུད་པ་དང་གནད་དོན་ཆུང་ཙག་ནས་འགོ་བཙུགས་ཏེ་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ཡོད།
ས་གནས་ཁག་གིས་དངོས་འཛིན་བཙན་འཐབ་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ལ་གནས་པའི་གནད་དོན་ཕྱོགས་ཡོངས་ནས་བཙལ་འཚོལ་གཏིང་ཟབ་བྱས་ཏེ། བཤེར་འདོན་ལ་ཤུགས་ཚད་ཡོད་པ་དང་དག་ཐེར་ལ་ཕན་འབྲས་ཐོན་པར་འགན་ལེན་བྱས་ཡོད།
ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པས་བཏོན་པའི་རྩོམ་སྲོལ་ཚོགས་སྲོལ་དང་། གཞུང་དོན་སྣེ་ལེན། “གཞུང་གྲོན་གསུམ” གཞུང་ཁང་དོ་དམ་སོགས་ཐད་ཀྱི་གནད་དོན་དང་དེ་བཞིན་དག་ཐེར་གྱི་གྲོས་འགོ་ཕྱོགས་བསྡུས་བྱས་ཏེ། གནད་དོན་གྱི་གསལ་ཐོ་དང་གཅིག་སྡུད་བཅོས་སྒྲིག་གི་རྩིས་ཁྲ་བཟོས་ནས་དངོས་སྒྲུབ་དག་ཐེར་གྱི་བྱ་ཐབས་ཞིབ་འཇུག་བྱས་ཏེ་བཏོན་ཡོད། དེ་དང་ཆབས་ཅིག“སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་གྱི་གནད་དོན་དང་རུལ་སུངས་ཀྱི་གྱོད་གཞི་ལས་མངོན་པའི་གཏིང་རིམ་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། བཅོས་སྒྲིག་གི་གྲུབ་འབྲས་དེ་ཕུགས་ཕན་ལམ་སྲོལ་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་དག་ཐེར་བཅོས་སྒྲིག་དེ་ཡུད་ཙམ་ཞིག་དང་ཕྱི་ཚུལ་ཙམ་དུ་མི་འགྱུར་བར་བྱས་ཡོད།
མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པ་བྱས་པ།
“ང་ཚོའི་ཡུག་ཁུལ་འདིར་རྒན་རྒོན་མང་བས་ཕྱིར་ཉམས་བཟོ་ཁང་དང་སྐྲ་ཁང་དུ་འགྲོ་བར་དཀའ་ངལ་འདུག ཐབས་ཤེས་ག་རེ་སྤྱད་ན་བཟང་ངམ”ཞེས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ལན་ཅང་རྫོང་ཏུང་ཏའེ་གྲོང་རྡལ་ཏུང་ཏའེ་ཁྲོམ་གཞུང་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དུད་ཚང་དུ་བཅར་འདྲིར་སྐྱོད་སྐབས་རྒན་རྒོན་གྱིས་དཀའ་ཁག་དེ་ལྟར་བརྗོད་པས། ཏུང་ཏའེ་གྲོང་རྡལ་གྱིས་འཕྲལ་མར“ཧྥུའུ་རུན་ཏའེ་ཅང”ཞེས་པའི་ཏང་དམངས་ཞབས་ཞུའི་ཚོང་འདུས་གྲ་རྒྱས་སུ་བཏང་ནས་འོས་འགན་སྐྲ་བཞར་དང་བདེ་ཐང་ཞབས་ཞུ་སོགས་ཀྱི་ཁྲོམ་བཀྱག་བཙུགས་ཏེ་མང་ཚོགས་ཀྱི་སྒོ་རྩར་དམངས་ལ་ཕན་པ་དང་སྟབས་བདེ་སྐྲུན་པའི་ཞབས་འདེགས་ཞུས་ཡོད།
སློབ་སྦྱོང་སློབ་གསོའི་ཁྲོད། ལེན་ཅང་རྫོང་གིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲོང་ལྷན་དང་། ཁེ་ལས། རྣམ་གྲངས་ཀྱི་འཐབ་ས་དང་པོ་བཅས་སུ་བསྐྱོད་དེ“ས་གནས་ས་ཐོག་ཏུ་གཞུང་ལས་སྒྲུབ་པ་དང་། འཐབ་ས་དང་པོར་ཞབས་འདེགས”ཞུས་ནས་དམངས་འདོད་དང་དམངས་ཀྱི་རེ་འདུན་གོང་ཞུའི་ཐབས་ལམ་ཤར་བགྲོད་ཡོང་བ་བྱས་ཏེ། དམངས་འཚོའི་འགག་གནད་དང་དཀའ་གནད་བསལ་ཡོད།
རང་འགན་ཐེག་པ་ཁུར་ལེན་དང་བྱས་རྗེས་འཇོག་པའི་ཐད་ཤུགས་སྣོན་ཆད་མེད་བརྒྱབ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཕན་འབྲས་དངོས་ཐོན་པར་བྱས་ཤིང་། ས་གནས་ཁག་གིས་སྒོ་དབྱེའི་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་ཟབ་འཇུག་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་གསལ་པོ་ཤེས་པར་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཞིབ་འཇུག་དང་ཐག་གཅོད་ཀྱིས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པ་བྱས་ཡོད།
“ཁང་པའི་ཆུ་མཁོ་སྤྲོད་ཀྱི་གནད་དོན་མགྱོགས་པོ་འདི་འདྲ་ཐག་གཅོད་ཐུབ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཀྱིས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་བརྗོད། གནས་སྤོས་མང་ཚོགས་ས་ཆ་མང་པོ་ནས་ཡོང་བ་དང་གྲུབ་ཚུལ་རྙོག་འཛིང་ཆེ་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། བཀོད་སྒྲིག་ས་ཚིགས་དོ་དམ་ཨུ་ལྷན་གྱིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཚོགས་ཆུང་ཁག་བགོས་ཀྱིས་བཅར་འདྲིར་བསྐྱོད་པ་དང་ཁག་བགོས་འགན་འཁྲི་ཁུར་ཏེ་གནད་དོན་ཤེས་རྟོགས་བྱུང་རིམ་བཞིན་ཐག་གཅོད་བྱས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་སྡེ་ཚན་ཁག་གཞི་རིམ་དུ་ཟབ་འཇུག་བྱས་ནས་དམངས་ཀྱི་སྐད་ཆ་ཉན་པ་དང་། དོན་དག་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ཏེ་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་ནས་འཕྲལ་དུ་འཚོལ་བཤེར་གྱིས་དག་ཐེར་དང་། དམངས་ཀྱི་ཆེད་དུ་དཀའ་ངལ་སེལ་བ། གཅིག་སྡུད་བཅོས་སྒྲིག་དག་ཐེར་བཅས་བྱས་ཡོད།
མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་ཁོར་ཡུག་གཙང་སྦྲའི་གནད་དོན་ལ་དམིགས་ནས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབྱི་ཉིང་གྲོང་ཁྱེར་གྱིས“གད་སྙིགས་སྤུངས་པ”དང“ཁང་པ་གང་བྱུང་དུ་བརྒྱབ་པ” “ཅ་ལག་གང་བྱུང་དུ་སྤུངས་པ”སོགས་ཀྱི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པའི“གནད་དོན་གྱི་གསལ་ཐོ”ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་པ་དང་འབྲེལ། “ཧྭ་ཁྲེང་Eསྒྲུབ”ཀྱི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བཏོན་ཏེ“མང་ཚོགས་ཀྱི་བསམ་འཆར་དང་། འཕེལ་རིམ་འདྲི་རྩད། དུས་ཐོག་ཏུ་ལན་རྒྱག་པ”བཅས་ཟུང་འབྲེལ་གྱི་གདུབ་ཟུམ་རྣམ་པ་སྤྱད་དེ་མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་དངོས་ཕན་ཐོབ་པར་བྱས་ཡོད།