གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་27ཉིན། 14:07】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་ལ་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། ཁྲིམས་འགལ་གྱི་མཚམས་སྦྱོར་དང་ཁ་ཐག་རིང་མོ་བྱེད་པ། བརྙན་ཐུང་ལས་སྟེགས་སྣ་ཚོགས་ཀྱི་རྒྱལ་ཁོངས་ལས་བརྒལ་བའི་གཉེན་སྒྲིག་དང་གཉེན་སྒྲིག་དྲིལ་བསྒྲགས་ལ་ཡིད་ཆེས་བྱེད་མི་རུང་བ། “ཕྱི་རྒྱལ་གྱི་ཆུང་མ་ཉོ་བའི”ནོར་འཁྲུལ་གྱི་བསམ་བློ་མེད་པར་བཟོས་ནས། བྷང་ག་ལར་བསྐྱོད་ནས་ཆུང་མ་ལེན་པར་གཟབ་ནན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
གཅིག ཀྲུང་གོའི་བཅའ་ཁྲིམས་ལྟར་ན། གཉེན་སྒྲིག་མཚམས་སྦྱོར་ཁང་གང་རུང་གིས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་གཉེན་སྒྲིག་ངོ་སྤྲོད་བྱེད་སྒོ་སྤེལ་བའམ་ཡང་ན་རྣམ་པ་བསྒྱུར་ནས་སྤེལ་མི་ཆོག་པ་དང་། མི་སྒེར་གང་རུང་གིས་མགོ་སྐོར་གཏོང་བའི་བྱ་ཐབས་སྤྱད་པའམ་ཁེ་གཉེར་དམིགས་ཡུལ་དུ་བཟུང་ནས། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་གཉེན་སྒྲིག་ངོ་སྤྲོད་བྱེད་སྒོ་སྤེལ་བའམ་ཡང་ན་རྣམ་པ་བསྒྱུར་ནས་སྤེལ་མི་ཆོག ཀྲུང་གོའི་སྤྱི་དམངས་གཉེར་སྐྱོང་རིགས་ཀྱི་རྒྱལ་ཁོངས་ལས་བརྒལ་བའི་གཉེན་སྒྲིག་མཚམས་སྦྱོར་དང་ཁ་ཐག་རིང་མོ་བྱས་ནས། མི་རྒྱུ་གཉིས་སྟོངས་མི་ཡོང་བའི་ཆེད། དྲ་རྒྱའི་གཉེན་སྒྲིག་མངགས་བཅོལ་ཁ་བསླུས་ཀྱི་གཡོ་འོག་ཏུ་མི་ཚུད་པ་བྱ་དགོས། གལ་ཏེ་མགོ་སྐོར་ཐེབས་མཁན་ཡོད་ན་མྱུར་དུ་རྒྱལ་ནང་གི་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་གཏོང་རོགས།
གཉིས། བྷང་ག་ལས་མི་འཚོང་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བཞིན་ཡོད། ཁྲིམས་འགལ་ངང་བྷང་ག་ལའི་གཉེན་སྒྲིག་དང་འབྲེལ་བ་ཡོད་མཁན་མི་འཚོང་རྒྱག་པའི་དོགས་པ་ཡོད་པའི་ཐོག་ནས་འཛིན་སྲིད། བྷང་ག་ལའི《ཉེས་ཁྲིམས》དང་《མི་འཚོང་རྒྱག་པར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལྟར་ན། མི་འཚོང་རྒྱག་པ་སྒྲིག་འཛུགས་བྱེད་མཁན་ལ་དུས་བཙོན་ལོ་བདུན་ཡན་དང་། ཚེ་གང་བཙོན་འཇུག་དང་ཐ་ན་སྲོག་ཁྲིམས་བཅས་ཀྱི་ཉེས་ཆད་གཅོད་རྒྱུ་མ་ཟད། ཐ་ཁ་ཁྲི་50ཡན་གྱི་དངུལ་ཆད་ཀྱང་གཅོད་རྒྱུ་རེད། མི་འཚོང་རྒྱག་པར་ངན་སྐུལ་དང་། ཇུས་འགོད། ལག་བསྟར་རམ་ཡང་ན་རོགས་རམ་བཅས་བྱས་རིགས་ལ་དུས་བཙོན་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་ཉེས་ཆད་གཅོད་རྒྱུ་མ་ཟད། ཐ་ཁ་ཁྲི་2མན་གྱི་དངུལ་ཆད་གཅོད་རྒྱུ་རེད།
གསུམ། བྷང་ག་ལའི་ཁྲིམས་འཛིན་གོ་རིམ་རིང་པོ་ཡོད། གལ་ཏེ་མི་འཚོང་པའི་དོགས་གཞི་ཡོད་པའི་ཐོག་ནས་བཟུང་ཚེ། ཉེན་རྟོག་ཕྱོགས་ཀྱིས་གྱོད་དོན་ཐོ་འགོད་བྱེད་པ་ནས་ཁྲིམས་ཁང་གིས་ཁྲུན་གཅོད་པའི་བར་དུ་ཟླ་བ་ཁ་ཤས་དང་ཐ་ན་ལོ་ཁ་ཤས་འགོར་ནས། ཁྱིམ་ཚང་མཉམ་འཛོམས་དང་འབྱུང་འགྱུར་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད་པ་རེད།
གལ་ཏེ་ཛ་དྲག་གི་གནས་ཚུལ་འཕྲད་ན། གཤམ་གྱི་ཁ་པར་བརྒྱབ་ནས་རོགས་རམ་འཚོལ་རོགས།
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་དོན་གཅོད་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་བསྟུན་ཐད་སྦྲེལ་ཁ་པར་ནི+86-10-12308དམ་ཡང་ན་+86-10-65612308ཡིན།
བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་གི་སྲུང་སྐྱོང་ཐད་སྦྲེལ་ཁ་པར་ནི +8801713090563ཡིན།