འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་28ཉིན།

༄༅།།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་
དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང་། (སྨད་ཆ)

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་28ཉིན། 10:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གསུམ། གཅིག་ཤེས་ཀུན་གྲོལ་གྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ནས་ལག་བསྟར་བྱེད་པ་དེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“གནད་འགག་གལ་ཆེན”ཞིག་ཡིན་པའི་ངོས་ནས་གཅིག་གོ་བརྒྱ་ཆོད་ཐུབ་པ་དང་འཇུག་སྒོ་ཆུང་ཆུང་ནས་འགྱུར་ལྡོག་ཆེན་པོར་སྐུལ་འདེད་ཐུབ་པས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བར་སྐུལ་འདེད་དང་། གསར་བརྗེའི་ཞུན་བརྡར་ཁྲོད་ལོ་བརྒྱའི་ཏང་ཆེན་པོ་སླར་ཡང་སྟོབས་ཆེར་ཕྱིན་ནས་སྐྱེ་སྟོབས་གསར་པ་དང་གསོན་ཤུགས་གསར་པ་མངོན་པར་སྐུལ་འདེད། རང་རེའི་ཏང་གི་རྣམ་པ་དང་། རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཟབ་མོ་ཡོང་བར་སྐུལ་འདེད་བཏང་ཡོད།

    (གཅིག) “གཏན་འཁེལ་གཉིས”ལ་དམངས་སེམས་ཟབ་མོ་ཐོབ་པ་དང“སྲུང་སྐྱོང་གཉིས”མི་སེམས་སུ་གཏིང་ཟབ་ཟུག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་པའི”བརྩེ་སེམས་ཟབ་མོ་དང་། མཚན་གང་གཞུང་ལས་ལ་གཞོལ་བ་དང་རང་གཅུན་ནན་པོ་བྱེད་པའི་བླ་ན་མེད་པའི་ཉམས་འགྱུར། ཚེ་གང་ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་ཏང་དང་རྒྱལ་ཁབ་ལ་དྲིན་འཇལ་བའི་འགན་འཁྲི་འཁུར་སེམས་བཅས་ལས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དངོས་སུ་མཐོང་ནས། སྲོག་ཤིང་དང་། གཙོ་འཛིན། སྤྱི་ཁྱབ་བཀོད་འདོམས་པ་བཅས་ལ་སེམས་གཏིང་ནས་བརྩི་བཀུར་དང་། ཡིད་ཆེས། གུས་བཀུར་བཅས་ཞུ་སེམས་ཆེ་རུ་ཕྱིན་ཡོད། ཚང་མས“སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ལ་དགོངས་པ་ནི་མི་སེར་གྱིས་རེ་སྒུག་བྱེད་པ་དེ་ཡིན་པ་དང་། ཏང་ཀྲུང་དབྱང་གིས་བསྒྲུབས་པ་འདི་མི་སེར་གྱིས་བསྔགས་བརྗོད་བྱེད་པ་དེ་ཡིན”ཞེས་རྒྱ་ཁྱབ་ངང་བརྗོད་ཀྱི་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དེ་རྒྱུན་སྲིང་དང་ནུས་ལྡན་ངང་སྤེལ་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚིག་ཐག་གཅིག་ཆོད་དང་གཙོ་བོ་གཅིག་ངེས་ཀྱི་དབང་གྲགས་གང་ལེགས་མངོན་པ་དང་། ཏང་ཡོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཆེ་རུ་ཕྱིན་པ་དང་ཏང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ། གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་ཆེར་ཕྱིན་ནས། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་རྨང་གཞི་གལ་ཆེན་བཏིང་བ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་དེ་ཉིད་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད།

    (གཉིས) ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་བས་ནན་དུ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་བྱས་པ་བརྒྱུད། སྒྲིག་ཁྲིམས་ནན་པོ་མེད་པ་དང་སྤྱོད་ཚུལ་ཏན་ཏིག་མེད་པའི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་དོ་དམ་དང་ནན་པོ་ཏན་ཏིག་བྱེད་པ་དང་། དོ་དམ་དང་ནན་པོ་བྱེད་ཕོད་པ། དོ་དམ་དང་ནན་པོ་ཡུན་རིང་ཐུབ་པ་བཅས་ཀྱི་རྣམ་པ་སྤྱིར་ན་གྲུབ་ནས་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། “ཡོད་པ་བདུན”གྱི་གནད་དོན་འགོག་ཟོན་དང་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྐབས་ཤིག་རིང་དར་བའི“ལྐོག་སྲོལ”སོགས་ཀྱི་གོམས་གཤིས་ངན་པ་གནས་ཐབས་མེད་པར་འགྱུར་བཞིན་ཡོད་པ་དང་། དྭངས་གཙང་བློ་མཐུན་དབར་གྱི་འབྲེལ་བ་དང་ཚུལ་ལྡན་ལུགས་མཐུན་གྱི་གོང་འོག་དབར་གྱི་འབྲེལ་བ་ཉིན་རེ་བཞིན་ཆགས་ནས། སྤྱོད་གཙང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཟམ་མི་ཆད་པར་ཆགས་པ་དང་འཕེལ་རྒྱས་འགྲོ་བཞིན་ཡོད།

    (གསུམ) སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་བཀག་འགོག་ནུས་ལྡན་ཐུབ་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་གཙོ་གནད་ཐོག་བཅོས་སྒྲིག་ཐུབ་པ། “སྤྱོད་ཚུལ་བཞིའི”གནད་དོན་རྙིང་པ་དང་འཕེལ་ཕྱོགས་གསར་པར་དམིགས་ཏེ་གཅིག་སྡུད་བཅོས་སྒྲིག་བྱས་ནས་རྒྱུན་དུ་མཐོང་བའི་སྤྱོད་ཚུལ་གྱི་འགལ་རྐྱེན་ཁག་གཅིག་བསལ་བ་དང་། བག་མེད་ལོངས་སྤྱོད་དང་སྐྱིད་འདོད་ཀྱི་སྤྱོད་ངན་རྩ་བའི་ཆ་ནས་གཏན་འགོག་ཐུབ་པ། གོང་དུ་མཐོན་པོར་སྡོད་པ་དང་མང་ཚོགས་དང་ཁ་བྲལ་བ་སོགས་ཀྱི་སྣང་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ཐད་ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་ཟ་མཁས་འཐུང་མཁས་བྱས་པ་དང་རྒྱལ་ཡོངས་ཀྱི“གཞུང་གྲོན་གསུམ”གྱི་གྲོན་དངུལ་ཆེས་ཆེར་ཆག་ནས་2023ལོར་2012ལོ་ལས་68.4%ཉུང་དུ་ཕྱིན་ཡོད། ཏང་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བའི་བསམ་བློའི་ཐུན་མོང་ངོས་འཛིན་ཆགས་པ་དང་། ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་ཁེ་ལས་ཀྱི་གཉེར་སྐྱོང་ལ་འགོག་རྐྱེན་བཟོ་བའི་ཚུལ་མིན་གྱི་བྱ་སྤྱོད་ཡོ་བསྲང་བྱས་པ་དང་། ཚོང་གཉེར་ཁོར་ཡུག་དང་འཕེལ་རྒྱས་ཁོར་ཡུག་ལེགས་སུ་ཕྱིན་པ། ཉེ་གཙང་གཅིག་གྱུར་གྱི་སྲིད་ཚོང་དབར་གྱི་འབྲེལ་བ་གསར་པ་སྔར་བས་བཙུགས་པས་སྲིད་གཞུང་གི་ནུས་ཕྱོད་སྔར་བས་ཆེ་རུ་ཕྱིན་ཡོད། “སྤྱོད་ཚུལ་བཞིའི”གོམས་གཤིས་ལ་འགྱུར་ལྡོག་ནུས་ལྡན་བཏང་བ་དང་། ཚུལ་མིན་སྤྱོད་ངན་གནས་སའི་བར་མཐོངས་རྒྱུན་ཆད་མེད་པར་ཆུང་དུ་བཏང་བས་ཏང་གི་སྤྱོད་ཚུལ་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད།

    (བཞི) ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་དང་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ། “གཞི་རིམ་དུ་སླེབས་པ་བཞིའི”ལམ་ལུགས་སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་དང་། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཏང་ཡོན་གྱི་དང་བླངས་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་བ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་པས། མང་ཚོགས་དང་འཚོ་བ་མཉམ་དུ་སྐྱེལ་བ་དང་། སྡུག་བསྔལ་མཉམ་དུ་མྱོང་བ། ལས་དོན་མཉམ་དུ་སྒྲུབ་པ་བཅས་ཀྱི་ཏང་ཡོན་དང་ལས་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་ཡོད། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཡོ་བསྲང་ཤུགས་ཆེན་བྱས་ཏེ། དམངས་འཚོའི་ཁྱབ་ཁོངས་ཀྱི“རུལ་སུངས་ཆུང་ཙག”དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་ལ་འགོག་རྐྱེན་བཟོ་བའི“བཀག་རྡོར”གྲལ་བཤེར་བཅོས་སྒྲིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཕུན་སུམ་ཚོགས་པ་དང་། དེ་བས་འགན་ལེན་ཐུབ་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད། ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་དུས་རབས་གསར་པའི“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད”ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པས། ཏང་ལ་ཡིད་ཆེས་དང་། ཏང་ལ་བརྟེན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། 2024ལོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་བརྟག་དཔྱད་ལས་མངོན་པར། ཏང་ཀྲུང་དབྱང་གིས་སྣེ་ཁྲིད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་བློ་ཡིད་ཚིམ་ཚད་དང་སྤྱིའི་ཕན་འབྲས་ལ་ཁས་ལེན་བྱེད་ཚད་97.4%དང་94.9%སོ་སོར་ཟིན་ཡོད།

    (ལྔ) ཏང་ཡོན་དང་ལས་བྱེད་པའི་ལས་ཀའི་རྣམ་འགྱུར་དང་བསམ་པའི་ཉམས་འགྱུར་དེ་བས་ལེགས་སུ་ཕྱིན་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་ཆེ་རུ་ཕྱིན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་པས་ཚུལ་མིན་སྤྱོད་ཚུལ་བཀག་འགོག་ཐུབ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྣེ་ལེན་དང་མགྲོན་སྐྱོང་ཁྲོད་ནས་ཐར་ཏེ། བསམ་བློ་དང་སེམས་ཤུགས་དེ་བས་མང་བ་ལས་ཀར་འཇོག་ཐུབ་པས་ལས་ཀའི་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་ཕྱིན་པ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཡོ་ཁྱད་འཛོལ་བ་སྲོང་ཐུབ་པ། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱུང་ཡོད། དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ། རང་བྱུང་གནོད་འཚེ་འགོག་རྒོལ་སོགས་ལས་འགན་གལ་ཆེན་དང་དམག་འཐབ་ཆེན་པོ་དང་ཚོད་བགམ་ཆེན་པོའི་ཁྲོད་དུ་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་ནུས་ལྡན་དང་ས་སྲུང་འགན་འཁྲི་གཙང་སྒྲུབ་ཐུབ་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་བར་བརྟེན་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞོམ་ཞིག་བྲལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས“ཀྲུང་གོའི་བཅོས་སྐྱོང”དང“ནུབ་ཕྱོགས་ཀྱི་ཟང་ཟིང”གཉིས་དབར་ཁྱད་པར་མངོན་གསལ་དོད་པོ་ཡོད་པ་དང་། མིག་རྒྱང་གོ་ལ་ཧྲིལ་པོར་ཕྱོགས་སྐབས“མཛེས་ལྗོངས་ང་ཚོའི་འདི་གར་ཡག་ཤོས”རེད། ཚང་མས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི“འཆིང་སྔགས”ཡིན་ལ། “སྲུང་འཁོར”ཞིག་ཀྱང་ཡིན་པས། ནུས་སེམས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། དངོས་འཛིན་དངོས་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་དེ་བས་ཟབ་ཏུ་འགྲོ་བཞིན་ཡོད་པར་ངོས་འཛིན་ཡོངས་ཁྱབ་ཏུ་བྱེད་ཀྱི་ཡོད།

    (དྲུག) ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་ཡར་ཐོན་དགེ་བརྩོན་ཡོང་བར་སྐུལ་ཁྲིད་བྱས་ནས་དར་སྲོལ་གོམས་སྲོལ་དུ་འགྱུར་བར་གོམ་པ་བརྟན་པོ་ཞིག་སྤོས་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་། དུས་རབས་གསར་པའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་སོགས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་བསམ་པའི་རླབས་རྒྱུན་ངན་པ་སྣ་ཚོགས་ཀྱི་བསླད་སྐྱོན་ཕོག་པར་དོགས་ཟོན་བྱས་ནས། སྣེ་ཁྲིད་དེ་སྲོལ་གསར་སྤྱོད་བཟང་ལག་ལེན་བསྟར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གོམས་སྲོལ་ལེགས་སུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་གོམས་སྲོལ་ངན་པ་དོར་ནས་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། རིན་གོང་མཐོ་བའི་ལག་རྟགས་དང་རྗེས་མཇུག་གྲ་རྒྱས་པོ་དང་གཉེན་བཀུར་ཡག་པོ་མི་བྱེད་པ་སོགས་ཀྱི་སྣང་ཚུལ་རིམ་བཞིན་ཇེ་ཉུང་དུ་ཕྱིན་པ། རྒྱས་གཤོམ་ལ་དང་དོད་དང་རྒྱས་སྤྲོས་བསྡུར་བ་སོགས་ཀྱི་གོམས་གཤིས་ངན་པོ་དང་། ཚུལ་དང་མི་མཐུན་པ། མ་རབས་བཅས་ཀྱི་འཛད་སྤྱོད་གོམས་སྲོལ་རིམ་བཞིན་དོར་བ། “སྡེར་གཙང་བྱ་སྤྱོད”དང་། གད་སྙིགས་རིགས་དབྱེ། ལྗང་མདོག་ཐཱན་ཉུང་བཅས་འཚོ་བའི་དར་སྲོལ་གསར་པར་བསྒྱུར་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བྱུང་བ་མ་ཟད། ཀྲུང་གོར་མུ་མཐུད་འགྱུར་ལྡོག་འགྲོ་ངེས་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་བྱུང་བའི་འགྱུར་ལྡོག་ནི་ཕྱོགས་ཡོངས་ནས་གཏིང་ཟབ་པའི་འགྱུར་ལྡོག་དང་། ཡུན་རིང་ཤུགས་རྐྱེན་ཐེབས་པའི་འགྱུར་ལྡོག མི་སེམས་ལ་སྐུལ་མ་ཐེབས་པའི་འགྱུར་ལྡོག་བཅས་ཡིན་པས། དཀའ་ངལ་གྱི་མདུན་དུ་དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་གྱི་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་བཙུགས་པ་དང་། ད་ཆའི་ཚད་མཐོའི་མཐུན་སྒྲིལ་དང་འགྱུར་མེད་སྟོབས་ལྡན་གྱི་ཀྲུང་གོ་གུང་ཁྲན་ཏང་འདི་འདྲ་ཞིག་ཞུན་བརྡར་ཐུབ་པ། རྒྱལ་སྤྱིའི་འཕོ་འགྱུར་ཆེན་པོའི་ཁྲོད་རང་རེའི་ཏང་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན་བྱེད་པའི་གདེང་ཚོད་དང་ཡིད་ཆེས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས། རང་ངོས་གསར་བརྗེའི་ནུས་ལྡན་ཐབས་ལམ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཟིང་བཅོས་རྒུད་དར་གྱི་ལོ་རྒྱུས་ཀྱི་དུས་འཁོར་གྱི་རྒྱ་ལས་ཐར་བའི་ཐབས་ཤེས་གཉིས་པ་དེ་རྙེད་པ། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གོ་རྟོགས་གསར་པ་བཏོད་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་ལྡན་པ་དང་། རང་ངོས་ལ་གནས་པའི་གནད་དོན་ལ་གཏུག་ཕོད་པ་མ་ཟད་ཐག་གཅོད་ཐུབ་ཀྱི་ཡོད་པས། ནམ་ཡང་མི་དམངས་ཀྱིས་ཡིད་ཆེས་བྱེད་འོས་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།

    གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས་ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”ཡུན་རིང་གནས་རྒྱུ་ཡིན་པ་དང་། ཏང་ནང་ཁུལ་དུ་གནས་པའི་བསམ་བློ་དྭངས་གཙང་མེད་པ་དང་། རྩ་འཛུགས་དྭངས་གཙང་མེད་པ། སྤྱོད་ཚུལ་གཙང་མ་མེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ད་དུང་རྩ་བ་ནས་ཐག་གཅོད་ཐུབ་མེད་པ་ང་ཚོས་ཀྱང་མཐོང་ཐུབ་པ་བྱེད་དགོས། སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ལོག་རང་བཞིན་ལྡན་པ་དང་། ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་གནད་དོན་ད་དུང་ཡང་སེ་ཐོན་བཞིན་ཡོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་ཅུང་མངོན་གསལ་དོད་པ། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་ཡང་སེ་ཐོན་པ། མངོན་མེད་ཐབས་སྒྱུར་གྱི་བྱེད་སྤྱོད་ལྐོག་ཏུ་ཐོན་པ། ལྷག་པར་དུ་འགན་འཁྲི་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། རང་འགན་གཞན་དཀྲི་བྱེད་པ་བཅས་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཡོ་ཁྱད་འཛོལ་བ་དང“ངོ་སོའི་ལས་གྲྭ”སྤེལ་བ། སྲིད་ཇུས་ལག་བསྟར་བྱེད་སྐབས“རྒྱུག་པ་ལེབ་བརྡུངས”དང་འཁྲི་འགན་རིམ་གནོན་བྱེད་པ། རྩོམ་སྲོལ་དང་ཚོགས་སྲོལ་དྲང་པོ་དྲང་གཞག་མིན་པ་དང་ཚོགས་ཡིག་གཉིས་མང་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ཧེ་བག་ཡོད་པ། མང་ཚོགས་ལ་སྣང་ཆུང་དང་། མང་ཚོགས་དང་ཁ་བྲལ་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། སྒྲིག་འགལ་ངང་ཟ་འཐུང་བྱེད་པ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་བྱེད་པ། བརྟག་ཞིབ་གསོ་སྦྱོང་སོགས་ལ་ཁ་གཡར་ནས་གཞུང་དངུལ་བཏང་སྟེ་ཡུལ་སྐོར་བྱེད་པ། སྒྲིག་འགལ་ངང་ལས་ཁང་དང་། ཟ་ཁང་། ཚོགས་ཁང་། མགྲོན་ཁང་སོགས་གཞུང་ཁང་ཆེ་རིགས་འཛུགས་སྐྲུན་དང་མཛེས་བཟོ་རྒྱས་པོ་བྱེད་པ། ལྟ་རྟོག་རང་བཞིན་ལྡན་པ་དང་དོན་དག་ངོ་མ་མེད་པའི་སྤྱིར་བཏང་གི་ཕྱི་རྒྱལ(རྒྱལ་སྒྲོལ)དུ་འགྲོ་བའི་བྱེད་སྒོ་དང་རྒྱལ་ནང་གི་རྟོག་ཞིབ་བྱེད་སྒོ་སྤེལ་བ་སོགས་མངོན་གསལ་དོད་པའི་གནད་དོན་ཐད་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་སྔར་བཞིན་ཆེ་ཙམ་ཡོད། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་དུས་ད་ལྟ་བ་ལས་འདས་པ་ཟེར་བ་མེད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་ངེས་པར་དུ་ངལ་བ་དང་ལེན་དང་། དཀའ་བར་མི་འཛེམ་པར་མདུན་སྐྱོད། སྙིང་རུས་གཏན་འཁྱོངས། རྟག་ཏུ་དམ་འཛིན་ལྷོད་མེད་བཅས་བྱེད་དགོས།

    བཞི། ལག་ལེན་ཁྲོད་ཕྱོགས་སྡོམ་དང་ཕྱོགས་སྡོམ་ཁྲོད་ཡར་རྒྱས་བཏང་བས་བསགས་པའི་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཡིན་པ།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་ཐུག་ཡོད། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ནི་དུས་རབས་གསར་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་དང་། ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེ་ཤོས། དོན་དངོས་དང་མཐུན་ཤོས་བཅས་ཀྱི་ལག་ལེན་གྱི་བསྡོམས་ཚིག་བཅས་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདེང་ཚོད་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པར་སྔར་བས་ངོས་འཛིན་ཟབ་མོ་ཐུབ་ཡོད། ལོ་བཅུ་ལྷག་ཙམ་རིང་གི་གསོན་ཉམས་དོད་པའི་ལག་ལེན་བརྒྱུད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ཉིད་ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱ་ཐབས་ཤིག་ཏུ་གྱུར་ནས་ཕན་ནུས་ལྡན་པའི་བྱ་ཐབས་འཚོལ་ཞིབ་དང་ཉམས་མྱོང་རྩ་ཆེན་བསགས་ཡོད་པས། གཅེས་སྤྲས་ལྡབ་བརྒྱ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས།

     (གཅིག) གོང་དཔེ་འོག་སྟོན་དང་དཔེ་སྟོན་སྣེ་ཁྲིད་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་བསྟན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པར་ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་གནང་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་མེད་ན་བྱ་བ་འདི་སྒྲུབ་མི་ཐུབ”ཅེས་པ་ནི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ཚད་མཐོའི་ཐུན་མོང་གི་ངོས་འཛིན་ཞིག་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་པོ་དང་། རང་འགན་ནན་འཁུར། གཏོགས་ཁོངས་ནན་འདོམས་བཅས་བྱས་པས། གོང་གིས་འོག་ལ་སྣེ་ཁྲིད་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཟིལ་རྔམ་ཆེན་པོ་ཞིག་ཆགས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་ཆབ་སྲིད་ཐོག་ནས་སྤྱོད་ཚུལ་གྱི་གནད་དོན་ལ་ངོས་འཛིན་དང་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་སྒམ་ནན་ཞིག་ལ་བརྩི་བ་དང་། འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྒྲུབ་པ་དང་སྣེ་ཁྲིད་ནས་དམ་འཛིན་མཐའ་འཁྱོངས་བྱེད་པ། “འགག་རྩའི་ཉུང་ཤས”ཀྱིས་མིག་དཔེ་བསྟན་ཏེ“མང་ཆེ་བར”སྐུལ་ཁྲིད་བཅས་བྱས་ནས། ངེས་ཤུགས་ཆེ་རུ་གཏོང་བ་དང་གོམས་གཤིས་འཇགས་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

     (གཉིས) གཞི་བརྟན་བསམ་འཕེལ་དང་བཟང་བསྟོད་ངན་སྨད་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཏང་གཤིས་བརྟན་པོ་དང་ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་ཚེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་བས་བློ་བརྟན་འགྱུར་མེད་དང་དེ་བས་ཕན་འབྲས་ལྡན་ཐུབ། དུས་རབས་གསར་པར་སྤེལ་བའི་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་རིམ་བྱུང་ཚང་མར་བསམ་བློའི་སློབ་གསོས་སྣེ་ཁྲིད་པ་དང་། ཏང་སྲོལ་གྱི་བླང་བྱ་དང་ཡང་ཡང་བསྡུར་ནས་ཧེ་བག་འཚོལ་བ། ཏང་གཤིས་ཀྱི་བླང་བྱར་ཚད་འཛིན་ནས་འབྱུང་རྩ་འཚོལ་བ། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་བསྡུར་ནས་བྱ་ཐབས་ཁ་གསལ་བཟོ་བ་བཅས་བྱས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དང་གཅིག་སྡུད་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། ཏང་གཤིས་བརྟན་པོར་བརྟེན་ནས་གཞི་བརྟན་བསམ་འཕེལ་བྱེད་པ། ཏང་སྲོལ་བཟང་པོར་བརྟེན་ནས་བཟང་བསྟོད་ངན་སྨད་བྱེད་པ། ཏང་གི་སྒྲིག་ཁྲིམས་ནན་པོར་བརྟེན་ནས་སྤྱོད་ཚུལ་དག་ཐེར་བཅས་བྱས་ཏེ་རང་རྟོགས་ངང་སྒྲིག་བཀུར་ཁྲིམས་སྲུང་དང་བློ་ཁོག་ཆེན་པོས་ལས་སྒྲུབ་ལས་གཏོད་བྱེད་དགོས།

    (གསུམ) སེམས་པ་མང་ཚོགས་ལ་འཆང་བ་དང་བརྩེ་སེམས་མང་ཚོགས་ལ་འཆང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་ཀྱི་རེ་སྒུག་ལ་ལན་འདེབས་པ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དེ་ཐོག་མཐའ་བར་གསུམ་དུ་མི་སེར་དང་ལངས་ཕྱོགས་གཅིག་མཚུངས་ཀྱིས་མང་ཚོགས་ལ་ཡིད་ཆེས་དང་མང་ཚོགས་ལ་བརྟེན་རྒྱུ་མཐའ་འཁྱོངས་དང་དྲ་ཐོག་དང་དྲ་ཕྱི་ཕན་ཚུན་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་ཧུར་ཐག་བྱས་ཏེ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ཡིན་ཕྱིན་ལྟ་སྟངས་ནན་པོ་འཛིན་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་ཡིན་ཕྱིན་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་མང་ཚོགས་ཚོས་མཐོང་ཐུབ་པ་དང་ཚོར་ཐུབ་པ་བྱས་ཁར། སྤྱོད་ཚུལ་བཟང་པོར་བརྟེན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས།

     (བཞི) ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་སྐྱོང་བ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་གཞི་ཆེའི་སྒོ་ནས་དམིགས་པ་དང་གཞི་ཆུང་གི་སྒོ་ནས་ཤུགས་བརྒྱབ་སྟེ། གནད་འགག་ཆེ་སར་ཐད་ཀར་གཏུགས་པ་དང་དངོས་སྒྲུབ་གོ་ཆོད་ཡོང་བ་བྱས་པས། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་སྐྱོང་བའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ལ་གྱུར་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་དམ་ནན་གྱི་ཚད་གཞིར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ལམ་ལུགས་འཛུགས་སྐྱོང་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཕྱོགས་གཅིག་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་སྒྲིག་ཁྲིམས་ནན་གོ་ཆོད་པ་དང་བཀག་རྒྱའི་ཟིལ་ཐོན་པ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས།

     (ལྔ) མཁྲེགས་སར་གཏུག་ཕོད་པ་དང་སྙིང་རུས་གཏན་འཁྱོངས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། རང་རེའི་ཏང་གིས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ཤུགས་ཚད་དང་སེམས་ཤུགས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཅི་གསུངས་དེ་སྒྲུབ་དང་གང་བཀག་དེ་འགག་དངོས་འབྲེལ་ཐུབ་པར་བྱས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ་དང་། དམ་འཛིན་ནན་པོ་དང་གོམ་པ་གང་ཡང་ཕྱིར་བཤོལ་མི་བྱེད་པར་མངོན་མེད་ཐབས་སྒྱུར་གྱི་སྒུལ་ཕྱོགས་གསར་པར་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་མིན་སྤྱོད་ཚུལ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ཕན་ཚུན་འབྲེལ་མཐུད་བྱེད་པ་དང་། དམ་ནན་གྱི་དགོངས་གཞི་དང་། དམ་ནན་གྱི་བྱ་ཐབས། དམ་ནན་གྱི་རྣམ་པ་བཅས་ཡུན་རིང་མཐའ་འཁྱོངས་ཀྱིས་ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་འགན་ལེན་བྱེད་དགོས།

    (དྲུག) འགན་འཁྲི་ཁ་གསལ་དང་འགན་འཁྲི་ནན་དུ་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པར་འགན་འཁྲིའི་ལམ་ལུགས་ཀྱི“གནད་འགག”འདིར་དམ་འཛིན་ནན་པོ་བྱ་རྒྱུར་བརྟེན་དགོས་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཏན་ཏིག་འཁུར་རྒྱུར་བརྟེན་དགོས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ངེས་པར་དུ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཟུང་འབྲེལ་བྱེད་པའི་དུས་བབ་ཀྱི་ལས་འགན་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། རིམ་པ་བཞིན་སྣེ་ཁྲིད་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། འགན་འཁྲིའི་བྱེད་པོ་གནད་ལ་འཁེལ་བ་དང་། འགན་འཁྲིའི་བླང་བྱ་གནད་ལ་འཁེལ་བ། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་གནད་ལ་འཁེལ་བ་བཅས་ལ་སྐུལ་འདེད་གཏོང་དགོས།

     སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པ། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད། མིག་སྔར། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་པས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ནས། ཏང་ཡོན་དང་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་འབྲས་དང་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། སློབ་སྦྱོང་དང་། བཤེར་འདོན། བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། བཤེར་འདོན་ལ་ཤུགས་དྲག་ལྡན་པ། བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ནུས་སེམས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་རྒྱུན་ཆད་མེད་པར་ཐོབ་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་བྱེད་དགོས།