འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་28ཉིན།

༄༅།།བོད་ལྗོངས་སྙེ་མོ་རྫོང་གིས་ཆད་པ་ཕོག་པའི་ལས་བྱེད་པར་འཚམས་འདྲི་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་28ཉིན། 14:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། “རྩ་འཛུགས་ཀྱིས་ང་བརྗེད་མི་འདུག ད་ཐེངས་བསྐྱར་དུ་འཚམས་འདྲི་བྱས་པ་འདིས་ངའི་བསམ་བློའི་ཁུར་པོ་རྦད་དེ་མེད་པར་གྱུར་སོང”རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བསྐྱར་དུ་འཚམས་འདྲི་བྱེད་པའི་སློབ་གསོ་སྤེལ་རྗེས། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ལས་བྱེད་པ་ཞིག་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོའི་ལས་དོན་ནང་སླར་ཡང་ཞུགས་པ་རེད། སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཆད་པ་ཕོག་པའི་ལས་བྱེད་པར་བསྐྱར་དུ་འཚམས་འདྲི་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། སྒྲིག་འགལ་གྱི་ངོ་བོ་དང་། ཆད་པ་བཅད་པའི་རིགས། མི་སྒེར་གྱི་རྣམ་འགྱུར་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་གཞིགས་ནས། ཆད་པ་ཕོག་པའི་ལས་བྱེད་པ་རིགས་གསུམ་དུ་དབྱེ་ནས་དོ་དམ་བྱེད་ཀྱི་ཡོད། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆད་པ་ཕོག་མཁན་ལས་བྱེད་པར“ཟླ་རེར་འཚམས་འདྲི་ཐེངས་རེ་བྱེད་པ”དང་། བསམ་བློ་བརྟན་པོ་མེད་པའི་ཆད་པ་ཕོག་མཁན་ལས་བྱེད་པར“དུས་ཚིགས་རེར་རྗེས་སྙེག་རེ”བྱེད་པ། རྣམ་འགྱུར་ལེགས་པའི་ཆད་པ་ཕོག་མཁན་ལས་བྱེད་པར“ལོ་འཁོར་ལ་དཔྱད་དཔོག་རེ”བྱེད་ཀྱི་ཡོད།

ཞིབ་ཕྲའི་ལག་ལེན་ཁྲོད། སྙེ་མོ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཆད་གཅོད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱེད་པ་དང་ཆབས་ཅིག་སེམས་ཁམས་མཛུབ་ཁྲིད་བྱེད་པ་དང་། གྱོད་གཞིའི་ཞིབ་བཤེར་མཇུག་འགྲིལ་རྗེས་ཆེད་མངགས་རོགས་རམ་སློབ་གསོའི་ཇུས་གཞི་བཟོ་བ། དུས་བཀག་ལྟར་ཁྱིམ་དུ་འཚམས་འདྲིར་བསྐྱོད་ནས་བསམ་བློའི་གནས་ཚུལ་ཁོང་དུ་ཆུད་པ། ལས་སྒོའི་རྐང་འཛིན་པ་བཀོད་སྒྲིག་བྱས་ནས་ཁ་གཏད་རོགས་སྐྱོར། ལས་གནས་གལ་ཆེན་དུ“ལས་གནས་སུ་ཐེངས་གཉིས་སྐྱོད་པའི”དཔྱད་དཔོག་ལག་བསྟར་བཅས་བྱས་པ་རེད།

སྙེ་མོ་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལོན་ཐེན་གྱིས། “ང་ཚོས་བསྐྱར་དུ་འཚམས་འདྲི་བྱེད་པའི་སློབ་གསོ་དེ་ལས་བྱེད་པ་ཡོ་བསྲང་གི་ལྷུ་ཚིགས་གལ་ཆེན་དུ་བརྩི་གི་ཡོད”ས་གནས་དེ་གས“རྩ་འཛུགས་སྡེ་ཚན་དང་། གནས་སའི་ཚན་པ། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན”བཅས་ཕྱོགས་གསུམ་མཉམ་འབྲེལ་གྱི་གདེང་འཇོག་ལམ་སྲོལ་བཙུགས་པ་བརྒྱུད། ལས་བྱེད་པའི་བསམ་བློའི་འགྱུར་ལྡོག་དང་ལས་ཀའི་གྲུབ་འབྲས་སོགས་ཀྱི་དམིགས་ཚད་ཐོ་འགོད་བྱས་ཏེ། བསྐྱར་དུ་འཚམས་འདྲི་བྱས་འབྲས་དེ་ལས་བྱེད་པ་འདེམས་བསྐོ་དང་བསྐོ་གཞག་དང་འབྲེལ་བ་བྱས་ནས་ཆད་པ་ཕོག་པའི་ལས་བྱེད་པར་སྔར་བྱས་རྒྱབ་སྐྱུར་དང་ཕྱིན་ཆད་སྤང་བླང་གི་གོ་སྐབས་ཡོད་པ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

(བདེ་དབང་གིས་བསྒྱུར། པ་ཕན་གྱིས་ཞུས)