འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་29ཉིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས།

༄༅།།《དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་29ཉིན། 10:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས《དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཏེ་2025ལོའི་ཟླ་9ཚེས་15ཉིན་ནས་ལག་ལེན་བསྟར་རྒྱུ་རེད། 《སྲོལ་ཡིག》གི་དམིགས་ཡུལ་ནི་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་སྲུང་སྐྱོང་དང་། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་བེད་སྤྱོད་ཀྱི་ནུས་ཕྱོད་དང་། དམག་དོན་བཟོ་ལས་ཀྱི་ཚན་ཞིབ་དང་ཐོན་སྐྱེད་སོགས་ཀྱི་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་ཐུབ་པར་འགན་ལེན་བྱས་ཏེ་རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཆེད་རེད། 《སྲོལ་ཡིག》དེར་ཁྱོན་ས་བཅད་7དང་དོན་ཚན་51ཡོད་པ་དང་གཙོ་བོ་གཤམ་གྱི་ནང་དོན་གཏན་འབེབས་བྱས་ཡོད་པ་སྟེ།

     གཅིག་ནས་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་གྱི་ཁྱབ་ཁོངས་དང་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་ཡོད་ཅིང་། ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་གྱི་ཁྱབ་ཁོངས་གཏན་འབེབས་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་། ས་གནས་མི་དམངས་སྲིད་གཞུང་། འབྲེལ་ཡོད་དམག་དོན་ལས་ཁུངས། དེ་བཞིན་དམག་དོན་བཟོ་ལས་སྒྲིག་བཀོད་གལ་ཆེན་དོ་དམ་སྡེ་ཚན་སོགས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཡོད།

     གཉིས་ནས་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་དབྱེ་འབྱེད་ཚད་ལྡན་དུ་བཏང་ཡོད་ཅིང་། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་དག་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་དབྱེ་འབྱེད་བྱས་རྗེས་སྲུང་སྐྱོང་བྱེད་དགོས་ལུགས་ཁ་གསལ་བཟོས་པ་དང་། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་དབྱེ་འབྱེད་དང་ལེགས་སྒྲིག་གི་གོ་རིམ་དང་། དེ་བཞིན་བླང་བྱ་གཏན་འབེབས་བྱས་ཡོད།

     གསུམ་ནས་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་བྱ་ཐབས་ཁ་གསལ་བཟོས་ཡོད་ཅིང་། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་གྱིས་ནང་དུ་འཛུལ་རྒྱུར་དོ་དམ་ཚོད་འཛིན་བྱེད་པ་སོགས་ཀྱི་བདེ་འཇགས་འགོག་སྲུང་བྱ་ཐབས་སྤྱོད་དགོས་པའི་གཏན་འབེབས་བྱས་པ་དང་། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་གྱི་མཐའ་འཁོར་གྱི་བདེ་འཇགས་ཚོད་འཛིན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྲུང་སྐྱོང་བླང་བྱ་ཁ་གསལ་བཟོས་པ་མ་ཟད། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྤྱད་དེ་ཚན་ཞིབ་ཚོད་ལྟའི་བྱེད་སྒོ་གལ་ཆེན་སྤེལ་བ་སོགས་དམིགས་བསལ་གནས་ཚུལ་གྱི་སྲུང་སྐྱོང་ཐད་གཏན་འབེབས་ཀྱང་བྱས་ཡོད།

     བཞི་ནས་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་གྱི་དོ་དམ་ཚན་པའི་འགན་འཁྲི་དང་འོས་འགན་ཆེ་རུ་བཏང་ཡོད་ཅིང་། སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་དོ་དམ་ལག་ལེན་བསྟར་བ། འཕྲལ་སྡོམ་སྔོན་ཇུས་བཟོ་བ། བདེ་འཇགས་སྲུང་སྐྱོང་གི་ཉེན་ཁ་ཚོད་སྐོར་བྱེད་པ་སོགས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་མ་ཟད། ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

     ལྔ་ནས་ཕྱོགས་ཁག་གི་འགན་སྲུང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད་ཅིང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་སོགས་ཐད་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་གི་དགོས་མཁོར་སྤྱི་འདོམས་བྱེད་དགོས་པ་དང་། ལས་རིགས་གཙོ་གཉེར་སྡེ་ཚན་དང་ས་གནས་མི་དམངས་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།