འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

༄༅།།ཟླ་བ་5པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྟོན་གྲངས་འཕར་བ།

ལག་རྩལ་མཐོན་པོའི་བཟོ་སྐྲུན་ལས་རིགས་ཟླ་བ་བཞིའི་རིང་བསྟུད་མར་རྒྱ་སྐྱེད་ཀྱི་བར་མཐོངས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 10:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་དང་། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ་བ་5པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྟོན་གྲངས(PMI)49.5%ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.5འཕར་ཡོད་པ་རེད།

བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་བྱེད་མགྱོགས་སུ་ཕྱིན་ནས་ཁེ་ལས་ཆེ་གྲས་ཀྱི་PMIམཚམས་ཚིགས་ཡན་དུ་འཕར་ཞིང་། བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བ་5པར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་50.7%ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.9འཕར་ནས་མཚམས་ཚིགས་ཡན་དུ་འཕར་ཡོད། མངགས་ཐོ་གསར་པའི་སྟོན་གྲངས་49.8%ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.6འཕར་ཡོད། ཁེ་ལས་ཀྱི་གཞི་ཁྱོན་ནས་བལྟས་ན། ཁེ་ལས་ཆེ་གྲས་ཀྱི་PMIནི་50.7%ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་1.5འཕར་ནས་རྒྱ་སྐྱེད་བར་མཐོངས་སུ་བསྐྱར་ལོག་བྱུང་ཡོད།

ལག་རྩལ་མཐོན་པོའི་བཟོ་སྐྲུན་ལས་རིགས་མུ་མཐུད་རྒྱ་སྐྱེད་བྱུང་ནས་ནང་འདྲེན་ཕྱིར་གཏོང་གཉིས་ཀའི་སྟོན་གྲངས་འཕར་ཞིང་། གཙོ་གནད་ལས་རིགས་ནས་བལྟས་ན། ལག་རྩལ་མཐོན་པོའི་བཟོ་སྐྲུན་ལས་རིགས་ཀྱི་PMIནི་50.9%ཟིན་པ་དེ་ཟླ་བ་4ཡི་རིང་བསྟུད་མར་རྒྱ་སྐྱེད་བར་མཐོངས་སུ་གནས་པ་རྒྱུན་འཁྱོངས་ཐུབ་ནས་ཅུང་ལེགས་པའི་འཕེལ་ཕྱོགས་རྒྱུན་མཐུད་བྱུང་ཡོད། སྒྲིག་བཀོད་བཟོ་སྐྲུན་ལས་རིགས་དང་འཛད་རྫས་ལས་རིགས་ཀྱི་PMIནི་སོ་སོར་51.2%དང་50.2%ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་1.6དང་0.8འཕར་ཡོད། ཟླ་བ་5པར་གསར་དུ་ཕྱིར་གཏོང་བྱེད་པའི་མངགས་ཐོའི་སྟོན་གྲངས་དང་ནང་འདྲེན་གྱི་སྟོན་གྲངས་ནི་སོ་སོར་47.5%དང་47.1%ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་2.8དང་3.7འཕར་ཡོད། བརྟག་དཔྱད་བྱེད་རིང་ཨ་རི་དང་འབྲེལ་བའི་ཁེ་ལས་ཁག་གཅིག་ལ་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་མགྱོགས་མྱུར་བསྐྱར་བཟོ་བྱས་ཚུལ་མངོན་ནས་ནང་འདྲེན་ཕྱིར་གཏོང་གི་གནས་སྟངས་ལེགས་སུ་ཕྱིན་ཡོད།

ཁྲོམ་རའི་སྔོན་དཔག་ལེགས་སུ་སོང་ཞིང་། ཟླ་བ་5པར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོའི་སྔོན་དཔག་སྟོན་གྲངས་52.5%ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་0.4འཕར་བ་དང་། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཉེ་དུས་ཀྱི་ཁྲོམ་རའི་འཕེལ་རྒྱས་ཐད་ཀྱི་གདེང་ཚོད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཅིང་། དེའི་ཁྲོད་ཞིང་ཞོར་བཟའ་བཅའི་ལས་སྣོན་དང་། བཟའ་བཅའ། ཆང་རག་དང་ཇ་སོགས་བཏུང་བྱའི་རིགས། རླངས་འཁོར། ལྕགས་ལམ་དང་གྲུ་གཟིངས། མཁའ་འགྲུལ་མཁའ་སྐྱོད་སྒྲིག་ཆས་སོགས་ལས་རིགས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོའི་སྔོན་དཔག་སྟོན་གྲངས་ཚང་མ་56%ཡན་གྱི་ཅུང་མཐོ་བའི་ཡར་རྒྱས་ཀྱི་བར་མཐོངས་སུ་མུ་མཐུད་གནས་ཤིང་། འབྲེལ་ཡོད་ཁེ་ལས་ཀྱིས་ལས་རིགས་ཀྱི་འཕེལ་རྒྱས་ཐད་ལྟ་སྟངས་སྔར་བས་ཡག་པ་འཛིན་གྱི་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)