གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་03ཉིན། 10:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“མཉམ་འཛུགས་རྣམ་པའི”ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱེད་སྒོའི་ངོ་སྤྲོད་ཚོགས་འདུ་པེ་ཅིང་བཟོ་ལས་སློབ་ཆེན་དུ་འཚོགས་པ་རེད། ནང་སོག་དང་། མཚོ་སྔོན། བོད་ལྗོངས། ཤིན་ཅང་སོགས་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་མཉམ་དུ་འཛོམས་ནས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཞིབ་འཇུག་སློབ་སྦྱོང་ཐོན་ཁུངས་སྤེལ་རེས་དང་འགྲེམས་སྟོན་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིབ་འཇུག་སློབ་སྦྱོང་ཐོན་ཁུངས་དང་བྱེད་སྒོའི་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་གྱི་དམིགས་བསལ་དང་སྐྱེ་ཁམས་ཀྱི་གནས་བབ་གལ་ཆེན་དང་ནུས་པའི་རིན་ཐང་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ས་ཁུལ་དབར་གྱི་སྐྱེ་ཁམས་ཤེས་དཔལ་སློབ་གསོ་སྤེལ་རེས་དང་མཉམ་སྤྱོད་དང་དེ་བཞིན་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་བཏང་བ་རེད།
ངོ་སྤྲོད་ཚོགས་འདུར་ཆེད་དོན་གཏམ་བཤད་དང་འགྲེམས་སྟེགས་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་ནས་མཚོ་སྔོན་གྱིས་རང་བྱུང་སྐྱེ་ཁམས་དང་། ལོ་རྒྱུས་རིག་གནས། དམངས་སྲོལ་གོམས་གཤིས་བཅས་བརྗོད་དོན་གཙོ་བོར་བྱས་པའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་དང་སློབ་ཚན་ངོ་སྤྲོད་ཞིབ་ཚགས་བྱས་པ་རེད། མདོ་ལ་རིང་མོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཆེན་པོ་གཉིས་ཀྱི་འདེམ་བསྐོའི་ཁུལ་གྱི་སྐྱེ་ཁམས་ཞིབ་འཇུག་དང་སློབ་སྦྱོང་ལམ་ཐིག་གཙོ་གནད་ཐོག་ངོ་སྤྲོད་བྱས་ཤིང་། མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་བཅས་ལ་གཞི་ཚུགས་ནས་ལྟ་མཁན་ཉན་མཁན་མི་འདྲ་བར་གཞིགས་ཏེ་སློབ་ཚན་སྣ་ཚོགས་གསར་སྤེལ་བྱས་ཡོད།