འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

༄༅།།མཚོ་སྔོན་གྱིས་ས་མཐོའི་ལུས་གསོའི་ཡུལ་སྐོར་ཐོན་ལས་ འཕེལ་རྒྱས་ཤུགས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 10:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་བྱས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ལུས་གསོའི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་བཏོན་པ་དང་། ས་མཐོའི་ལུས་གསོ“ས་བཞི”འཛུགས་སྐྲུན་ནང་ཁ་གསལ་བཅུག་པ། ས་མཐོའི་ལུས་གསོར་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་གྱི་རིན་ཐང་འཁོར་འབྲེལ་རྒྱ་སྐྱེད་བཏང་བ། “སྨན་བཅོས་དང་། ལུས་གསོ། ཞིབ་སྦྱོང་། ལུས་རྩལ། ཡུལ་སྐོར་བཅས་ཀྱི་སྣ་མང་མཉམ་འདྲེས་ལ་སྐུལ་འདེད་བཏང་བ། ས་མཐོའི་སྐྱེ་ཁམས་ལུས་གསོ་ཡུལ་སྐོར་རྣམ་གྲངས་བཏོད་པ། ཁྱད་ལྡན་ཐོན་ལས་དང་སྐྱེ་ཁམས་ཐོན་རྫས་དང་ལུས་གསོའི་ཡུལ་སྐོར་བཅས་མཉམ་འདྲེས་དམ་ཟབ་བྱེད་པར་སྐུལ་འདེད་བཏང་བ། ས་མཐོའི་སྐྱེ་ཁམས་ལུས་གསོའི་ཡུལ་སྐོར་སྤུས་རྟགས་བཏོད་པ་བཅས་བྱས་ཏེ། “བདེ་ཐང་ཀྲུང་གོ”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སོགས་སུ་ས་མཐོའི་ལུས་གསོའི་རྟེན་གཞི་བཙུགས་ནས་ས་མཐོའི་རང་བྱུང་མཛེས་ལྗོངས་དང་། བསིལ་གྲང་གི་གནམ་གཤིས་དང་དེ་བཞིན་སྣ་མང་རིག་གནས་བཅས་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་བར་ཐུན་མོང་མ་ཡིན་པའི་བདེ་ཐང་ལུས་གསོ་ཉམས་ལེན་མཁོ་འདོན་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་མངོན་གསལ་དོད་པའི་ས་མཐོའི་ལུས་གསོའི་ཐོན་ལས་ཀྱི་ཐོག་མའི་རྣམ་པ་ཞིག་མངོན་ཡོད། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ས་མཐོའི་གནམ་གཤིས་དང་། མངོན་མིན་རིག་གནས་ཤུལ་བཞག ཞིམ་ཟས་རིག་གནས། བོད་སྨན་གྱི་སྨན་ལུམས་སོགས་ཁྱད་ལྡན་ཐོན་ཁུངས་ལས་ལུས་གསོའི་སྤྲོ་གསེང་དེ་ཡུལ་སྐོར་འཛད་སྤྱོད་མང་ཤོས་ཞིག་ཏུ་གྱུར་ཡོད། མཉམ་འདུས་རྣམ་པའི་ལུས་གསོའི་ཡུལ་སྐོར་ཐོན་རྫས་དེ་དག་གིས་ཡུལ་སྐོར་བའི་བདེ་ཐང་གི་དགོས་མཁོ་སྐོང་ཐུབ་པ་མ་ཟད། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་ཀྱང་ཉམས་ལེན་ཐུབ་ནས་ཁྲོམ་ར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།

    མཚོ་སྔོན་གྱིས་རིག་གནས་གཏིང་ཟབ་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ“རིག་གནས་ཡུལ་སྐོར+”དམ་འཛིན་བྱ་གཞིར་བྱས་ནས་རིག་གནས་ཡུལ་སྐོར་དང་ལུས་གསོའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང། ཐོན་ལས་ཀྱི་ལས་རྣམ་དང་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ས་མཐོའི་ལུས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་མི་དམངས་མང་ཚོགས་ཀྱི་རིམ་པ་མང་ཞིང་སྣ་མང་ཅན་གྱི་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད།

    མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་ལུས་གསོའི་ཡུལ་སྐོར་ཐོན་ལས་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་བཅུག་ཏེ། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ལུས་གསོའི་ཐོན་ལས་དང་དེ་བཞིན་ལུས་གསོའི་ཡུལ་སྐོར་སྔར་བས་འཕེལ་རྒྱས་འགྲོ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད། ས་གནས་ཁག་གི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་ཁོར་ཡུག་དང་དམངས་སྲོལ་རིག་གནས་སྤྱད་དེ་གྲོང་གསེབ་ཀྱི་ལུས་གསོའི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ནས། “ཟ་སྡོད་འགྲོ་གསུམ་དང་སྐོར་ཉོ་རྩེད་གསོ་ཞིབ”བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་ནས་ས་མཐོའི་ལུས་གསོའི་ཐོན་རྫས་ཞིབ་ཕྲ་གཏོད་རྒྱུ་རེད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁྲིད་སྟོན་མ་དངུལ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། “ལུས་གསོ་དང་ཡུལ་སྐོར”ཟུང་འབྲེལ་གྱི་ཐོན་ལས་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།