གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་03ཉིན། 15:02】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ལིའུ་ཁྲོན་ཧོ་(ཐིང་རིམ་གཞོན་པ་)ལ་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་གྱོད་གཞི་དེ་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་བ་རེད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་གཏན་འཁེལ་བྱས་པ་བརྒྱུད། མཚོ་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། གྱོད་གཞི་འདི་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད།
ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཞུ་གཏུག་བྱེད་རིམ་དུ། ཞུ་སྦྱོར་ཕྱི་མ་བ་ལིའུ་ཁྲོན་ཧོ་ཡི་གཏུག་བཤེར་དབང་ཆ་ཁྲིམས་ལྟར་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བར་ཁྲིམས་ལྟར་འདྲི་རྩད་བྱས་པ་དང་དག་འབུད་པའི་བསམ་འཆར་ཡང་ཉན་འཇོག་བྱས། མཚོ་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས། 2003ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་བ་ལིའུ་ཁྲོན་ཧོ་ཡིས་མཚོ་ནུབ་ཁུལ་མོང་ཡ་གྲོང་ཁྱེར་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་། ཡུལ་ཤུལ་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་གྱི་དོན་དག་ཐད་རོགས་རམ་བྱས་ཏེ། ཁྲིམས་དང་འགལ་ཏེ་གཞན་གྱི་རྒྱུ་ནོར་བླངས་པ་དང་གྲངས་འབོར་ཤིན་ཏུ་ཆེ་བས། ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས་པའི་སྐྱོན་འདོན་བྱས།