འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།“མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་མུས་ཡིན་པ”

འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་ཧྲང་ཝུན་དང་། ལི་དབྱིང་ཆི། ཤེ་ཡ་ཧུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 09:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཉེ་ཆར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཧ་སག་སི་ཐན་གྱི་རླངས་འཁོར་ཐོན་སྐྱེད་སྒྲིག་སྦྱོར་ཁེ་ལས་ཆེ་ཤོས་ཡིན་པའི་ཨ་ལུར་ཚོགས་པའི་ཨ་ལ་མུའུ་ཐུའི་རླངས་འཁོར་ཆེད་ཚོང་ཁང་ཞིག་ཏུ་བསྐྱོད་དེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་རླངས་འཁོར་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་ཉམས་སུ་མྱངས་པ་ཡིན། ཆེད་ཚོང་ཁང་ནང་ཧུང་ཇི་དང་ཅེ་ཐུའུ་སོགས་རྟགས་ཅན་གྱི་ཀྲུང་གོའི་སྤུས་རྟགས་རླངས་འཁོར་མང་པོ་འགྲེམས་སྟོན་བྱས་ཡོད། དེང་རབས་ཅན་གྱི་ཉམས་འགྱུར་ཧ་ཅང་ཟབ་མོ་ལྡན་པའི་རླངས་འཁོར་གྱི་བཟོ་ལྟ་ཇུས་འགོད་དང་རིག་ནུས་ཀྱི་ཚོར་སྣང་ངེས་ཅན་ལྡན་པའི་ཚོད་འཛིན་མ་ལག་གིས་མཉམ་འབྲེལ་བཅར་འདྲི་ཚོགས་པའི་སྨྱན་སྦྱོར་གསར་འགོད་པ་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་ནང་འཛུལ་ནས་ཉམས་ལེན་བྱེད་པའི་ཡིད་དབང་བཀུག་ཡོད།

    2019ལོར། ཀུན་སྤྱོད་ལག་རྩལ་ཚོགས་པ་ཀྲུང་གོའི་འཕྲུལ་ཆས་ཕྱིར་གཏོང་ནང་འདྲེན(ཚོགས་པ)ཚད་ཡོད་ཀུང་སི་དང་ཨན་ཧུའེ་ཅང་ཧོའེ་རླངས་འཁོར་ཚོགས་པའི་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་ཨ་ལུར་ཚོགས་པའི་མ་རྐང་51%ཉོས་པ་ལས་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་འགོ་ཚུགས་པ་རེད། ཨ་ལུར་ཚོགས་པས་ལོར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར་བ་དང་རླངས་འཁོར་ཐོན་ཚད་2019ལོའི་རླངས་འཁོར་9000ལྷག་ཙམ་ནས་2024ལོའི་རླངས་འཁོར་ཁྲི་10ཙམ་བར་འཕར་ཡོད། མིག་སྔར། ཨ་ལུར་ཚོགས་པས་ཧ་སག་སི་ཐན་གྱི་རྒྱལ་ནང་དུ་ལོར་རླངས་འཁོར་སྣ་ཚོགས་ཐོན་སྐྱེད་བྱེད་ཚད་ཀྱི་60%ཡན་བཟུང་བ་དང་ཁྲོམ་ར་བཟུང་ཚད་ལོ་ལྟར་40%ལས་བརྒལ་གྱི་ཡོད། ཀྲུང་གོའི་སྤུས་རྟགས་རླངས་འཁོར་ནི་ཧ་སག་སི་ཐན་གྱི་ཁྲོམ་གཞུང་དང་སྲང་ལམ་གྱི་རྒྱུན་མཐོང་མཛེས་ལྗོངས་ཤིག་ཏུ་གྱུར་བཞིན་ཡོད་པ་དང་། ས་གནས་དེ་གའི་རླངས་འཁོར་ཆེད་ཚོང་ཁང་དེ་བས་མང་བར་བཏོན་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད།

    “སྡོད་ས་རྒྱ་ཆེ་བ་དང་། སྒུལ་ཤུགས་འདང་ངེས་ཡོད་པ། ཁ་གཅུས་བདེ་བ་སོགས། རླངས་འཁོར་དེ་རིགས་ཧ་སག་སི་ཐན་དང་ཐ་ན་ཨེ་ཤེ་ཡ་དབུས་མའི་ཁྲོམ་ར་ཧྲིལ་པོར་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པར་ངར་ཡིད་ཆེས་ཡོད”ཨུ་ཟ་བྷེ་ཁི་སི་ཐན་གྱི《མི་དམངས་གཏམ་བརྗོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ལུའུ་སི་ལན·ཁེན་ཀྲ་ཡེ་ཕུའུ་ཡིས་ཅང་ཧོའེ་རྟགས་ཅན་གྱི་ཕི་ཁ་རླངས་འཁོར་ཞིག་ཚོད་གཏོང་བྱས་རྗེས་བསྔགས་བརྗོད་ཆེན་པོ་བྱེད་བཞིན་དེ་ལྟར་བརྗོད། ཁོང་གིས་བལྟས་ན། ད་ཆ་རླངས་འཁོར་བཟོ་སྐྲུན་ལས་རིགས་དེ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་ཁྱབ་ཁོངས་སུ་འགྱུར་བཞིན་ཡོད་པ་རེད། ཨུ་ཟ་བྷེ་ཁི་སི་ཐན་དུ་པི་ཡ་ཏིས་རྟགས་ཅན་གྱི་རླངས་འཁོར་བཟོ་གྲྭ་བཙུགས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཐུབ་ཡོད། ཁེན་ཀྲ་ཡེ་ཕུའུ་ཡིས“ཐོན་ནུས་མཉམ་ལས་དེ་དག་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་ཕན་པ་ཐོབ་བཞིན་ཡོད་པ་དང་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་རྒྱུན་ཆད་མེད་པར་ཐོབ་མུས་ཡིན”ཞེས་བཤད།

    ཐ་ཇིག་སི་ཐན་གྱི“ཨེ་ཤེ་ཡའི་མྱུར་འཕྲིན”གསར་འགྱུར་ཁང་གི་གསར་འགོད་པ་མཱ་སི་ཧ་པོ·ཀྲུའུ་མ་ཡེ་ཕུའུ་ཡིས་རྒྱལ་སྤྱིའི་མཉམ་ལས་ཀྱི་འབྲེལ་ཟམ་ཡིན་པའི་སྨྱན་སྦྱོར་དང་གསར་འགོད་པས་རྒྱལ་ཁབ་མི་འདྲ་བའི་དབར་ཕན་ཚུན་རྒྱུས་མངའ་ལོན་ཚད་ཟབ་ཏུ་གཏོང་ཆེད་འགག་རྩའི་ནུས་པ་འདོན་གྱི་ཡོད། “ངས་འདི་གར་མཐོང་ཐོས་བྱུང་བའི་གནས་ཚུལ་རང་རྒྱལ་ཁབ་ཏུ་གནས་ཚུལ་གཏོང་སྤེལ་བྱས་ནས་མི་དེ་བས་མང་བས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཤེས་རྟོགས་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བཤད།

(འདི་ག་ཚགས་པར་ཁང་དུ་ཨ་ལ་མུའུ་ཐུའུ་ནས་འབྱོར་བའི་གློག་འཕྲིན)