འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།“རིམ་འདས་སའི་གོ་ལ་”ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 14:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གསར་འགོད་པས་ཟླ་6ཚེས་3ཉིན་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་ཚན་རིག་ཁང་ཡུན་ནན་གནམ་དཔྱད་ཁང་གིས་སྣེ་ཁྲིད་བྱས་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པས། ཉི་མ་དང་འདྲ་བའི་བརྟན་སྐར་ཞིག་གི་མཐའ་འཁོར་སྡོད་འཚམ་ཁུལ་དུ་གནས་པའི་རིམ་འདས་སའི་གོ་ལ་Kepler-725cཞིག་རྙེད་པ་དང་། དེའི་སྤུས་ཚད་ནི་སའི་གོ་ལའི་སྤུས་ཚད་ཀྱི་ལྡབ་10ཙམ་ཡིན་པ་རེད།

    “རིམ་འདས་སའི་གོ་ལ་”འདིས་མིང་ལ་Kepler-725ཟེར་བའི་G9Vརིགས་ཀྱི་གནས་བདག་བརྟན་སྐར་ཞིག་བསྐོར་ནས་འཁོར་སྐྱོད་བྱེད་བཞིན་ཡོད། གནས་བདག་བརྟན་སྐར་གྱི་འོད་ཤལ་རྣམ་པ་དེ་ཉི་མ་དང་འདྲ་པོ་ཡོད་མོད། འོན་ཀྱང་དེ་ཉི་མ་ལས་ལོ་ན་གཞོན་ཏེ་ལོ་དུང་ཕྱུར་16ལས་མིན། ཕྱི་ངོས་ཀྱི་ཁབ་ལེན་ར་བའི་འགུལ་སྐྱོད་ནི་ཉི་མའི་འགུལ་སྐྱོད་ལས་ཛ་དྲག་ཆེ་བ་ཡོད། “རིམ་འདས་སའི་གོ་ལ་”དེ་Kepler-725ཡི་སྡོད་འཚམ་ཁུལ་ཏེ་གཤེར་རྣམ་ཆུ་གནས་པར་འཚམ་པའི་ས་ཁོངས་ཤིག་ཏུ་གནས་པ་དང་། དེ་ནི་སའི་གོ་ལ་དང་འདྲ་བའི་ཚེ་སྲོག་ཐོན་པའི་གནད་འགག་གི་ཆ་རྐྱེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེས་གནས་བདག་བརྟན་སྐར་བསྐོར་ནས་སྐོར་བ་གཅིག་འཁོར་བར་ཕལ་ཆེར་ཉིན་207.5དགོས་ལ། སའི་གོ་ལའི་སྤྱི་འཁོར་འཁོར་ཡུན་དང་འདྲ་པོ་ཡོད།

    གྲུབ་འབྲས་དེ་ཟླ་6ཚེས་3ཉིན་རྒྱལ་སྤྱིའི་ཚན་རིག་དུས་དེབ་གྲགས་ཅན་《རང་བྱུང་-གནམ་རིག་》(Nature Astronomy)ཐོག་སྤེལ་བ་དང་། དེ་ནི་རྒྱལ་སྤྱིའི་ཐོག་སྐར་མའི་བར་གྱི་དུས་ཚོད་འགྱུར་བ་དང་བསྟུན་པའི་ལྡོག་སྟོན་ལག་རྩལ་སྤྱད་དེ་ཉི་མ་དང་འདྲ་བའི་བརྟན་སྐར་གྱི་སྡོད་འཚམ་ཁུལ་དུ་རྒྱུ་སྐར་དེ་རིགས་རྙེད་ཐེངས་དང་པོ་དེ་རེད།