གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་04ཉིན། 14:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་6ཚེས་3ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། སྤྱི་ཁྱབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་ཇེ་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་ལས་འགལ་བ་བརྗོད་ནས། ལྡོག་ཕྱོགས་ཀྱི་བྱ་སྤྱོད་རབ་དང་རིམ་པ་སྤྱད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས།
ལིན་ཅན་གྱིས་བཤད་དོན། ཚོང་དོན་པུའི་མགྲིན་ཚབ་པས་དེ་གོང་དེའི་ཐད་ཀྲུང་གོ་ཕྱོགས་ཀྱི་དྲང་ནན་ལངས་ཕྱོགས་གསལ་བཤད་བྱས་ཡོད། ཇེ་ནེ་ཝའི་ཐུན་མོང་ངོས་འཛིན་ནི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་གྲོས་མོལ་བྱེད་པའི་རྩ་དོན་འོག་བྱུང་བ་ཞིག་རེད། ཨ་རི་ཕྱོགས་ཀྱིས་དོན་དངོས་ཀྱི་གཞི་འཛིན་ས་སྤུ་ཙམ་ཡང་མེད་པའི་གནས་ཚུལ་འོག ཀྲུང་གོ་ཕྱོགས་ལ་ནག་ཉེས་འགེལ་བ་དང་སྐྱོན་འཛུགས་བྱས་པ་དང་། ཀྲུང་གོར་ཉིང་ལྷེབ་ཕྱིར་གཏོང་དོ་དམ་བཏོན་པ་དང་། ཀྲུང་གོར་ཉིང་ལྷེབ་ཇུས་འགོད་མཉེན་ཆས་ཕྱིར་འཚོང་མཚམས་འཇོག་བྱེད་པ། ཀྲུང་གོའི་ཕྱི་འགྲིམ་སློབ་མའི་ཐོངས་མཆན་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་སོགས་དྲག་གནོན་བྱེད་ཐབས་ཐལ་དྲགས་པས། ཇེ་ནེ་ཝའི་ཐུན་མོང་ངོས་འཛིན་ལ་གཏོར་བརླག་ཚབས་ཆེན་བཏང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་དབང་ལའང་གནོད་འཚེ་བཏང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་དྲང་ནན་ངང་འབྲེལ་གཏུག་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།
ལིན་ཅན་གྱིས་ནན་བཤད་གནང་དོན། གནོན་ཤུགས་སྤྲོད་པ་དང་བཙན་ཤེད་བྱེད་པ་ནི་ཀྲུང་གོ་ཕྱོགས་དང་འབྲེལ་བ་བྱེད་པའི་ཡང་དག་པའི་བྱེད་ཐབས་ཤིག་མིན། ང་ཚོས་ཨ་རི་ཕྱོགས་ཀྱིས་དོན་དངོས་ལ་བརྩི་འཇོག་དང་། ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱེད་མཚམས་འཇོག་པ། འབྲེལ་ཡོད་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་སྲུང་སྐྱོང་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།