འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་5ཉིན།

༄༅།།ཀོང་ཤིས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་རྒྱུན་མཐུད་བཏང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་ཧྲེང་། ཀྲང་ཡུན་ཧོ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་05ཉིན། 10:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

མ་ལེ་ཞི་ཡའི་ཤིང་ཏོག་ལིའུ་ལན་སོགས་ཁྱད་ལྡན་ཐོན་ཟོག་བྱུར་བུར་བླུགས་པའི“ཧའེ་ཧྥུང་ཞི་བདེ་རྒྱ་མཚོ་རྟགས་ཅན”གྱི་གྲུ་གཟིངས་ཀོང་ཤིས་བྱང་རྒྱུད་མཚོ་ཁུག་གྲུ་ཁར་འབྱོར་བ་དེ་ལས་མ་ལེ་ཞི་ཡའི་ཀོན་ཏན་གྲུ་ཁ་དང་ཀྲུང་གོའི་བྱང་རྒྱུད་མཚོ་ཁུག་གྲུ་ཁའི་གྲང་ཕྲེང་གི་མཚོ་ལམ་རྩེ་གྲ་ཉིན་ཤས་གོང་དངོས་སུ་ཤར་གཏོང་ཐོག་མར་ཐུབ་པ་མཚོན་ཡོད། གསར་དུ་བཏོད་པའི་མངའ་ཁོངས་སྒྲོལ་བའི་མཚོ་ཐོག་སྐྱེལ་འདྲེན་གྱི་ཟོག་འགྲེམས་བགྲོད་ལམ་དེས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་སྤུས་ལེགས་དངོས་ཟོག་སྔར་ལས་མང་བ་རི་ཀླུང་དང་རྒྱ་མཚོ་བརྒལ་ཏེ་ཕྱིར་གཏོང་ནང་འདྲེན་བྱས་པས་ཁེ་ལས་དང་དམངས་ལ་ཕན་པ་ཐོབ་ཡོད།

ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་གྲང་ཕྲེང་གི་མཚོ་ལམ་རྩེ་གྲ་འདི་རིགས་མིག་སྔར་ཀོང་ཤིས་ཀྱིས་9བཏོད་ཡོད། བྱང་རྒྱུད་མཚོ་ཁུག་གྲུ་ཁ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲོའུ་ཡན་གྱིས། ད་ལོའི་དུས་ཚིགས་དང་པོར་བྱང་རྒྱུད་མཚོ་ཁུག་གྲུ་ཁས་ཚད་ལྡན་དོས་སྒམ་འདོན་འཇུག་བྱེད་ཚད་ཁྲི་217.39ཟིན་ཏེ་དུས་མཚུངས་ལས་12.06%འཕར་ཡོད་ཅེས་ངོ་སྤྲོད་བྱས།

རང་རྒྱལ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྐམ་མཚོ་དང་འབྲེལ་བའི་ཞིང་ཆེན་གཅིག་པུ་དེ་ཡིན་པའི་ཀོང་ཤིས་ལ་ས་བབ་ཀྱི་ལེགས་ཆ་དམིགས་བསལ་ཆེན་པོ་ལྡན་ཡོད། 2023ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས“ཀོང་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་ཇུས་ཡག་པོ་འདིང་བའི་འགག་རྩ་དེ་སྒོ་དབྱེ་རྒྱ་ཆེར་གཏོང་བར་ཐུག་ཡོད”ཅེས་དང“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཞབས་འདེགས་ཧུར་ཐག་ཞུ་དགོས”ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ཏེ་ཀོང་ཤིས་ཀྱིས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་རྒྱུན་མཐུད་བཏང་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཕན་ཚུན་འབྲེལ་མཐུད་བྱེད་མགྱོགས་སུ་བཏང་ཡོད།

ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་ཆུ་ཚད་མཐོ་པོས་མཉམ་སྐྲུན་བྱ་རྒྱུ་སྣེ་འདྲེན་དུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་བྱེད་མགྱོགས་སུ་བཏང་བ།

ཀོང་ཤིས་ཁྲུང་ཙོའོ་ཕིང་ཞང་གྲོང་ཁྱེར་དུ་སྨི་500ཟིན་པའི་ལམ་ལྕགས་མཇུག་ཤོས་དེ་ཕིང་ཞང་བབས་ཚུགས་ཤར་མའི་ཉིས་གཤིབ་ཟམ་ཆེན་ཐོག་བཏིང་བ་ལས། ནན་ཕིང་མྱུར་བགྲོད་ལྕགས་ལམ་ཁྲུང་ཙོའོ་ནས་ཕིང་ཞང་དུམ་བུའི་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཉིན་ཤས་གོང་དངོས་སུ་ལས་མཇུག་འགྲིལ་བ་མཚོན་ཡོད། བགྲོད་ལམ་ཆེན་པོ་ཇེ་མང་ནས་ཇེ་མང་དང་ཇེ་ལེགས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད་ཅིང་། སྐམ་སར་ཀོང་ཤིས་ཀྱིས་ཞིང་ཆེན་དང་། རྒྱ་མཚོ། མཐའ་མཚམས་བཅས་སྒྲོལ་བའི་སྐམ་སའི་བགྲོད་ལམ་ཆེན་པོ་61བསྐྲུན་ཟིན་པ་དང་། མཚོ་ཐོག་ཏུ་བྱང་རྒྱུད་མཚོ་ཁུག་གྲུ་ཁར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་ཤར་གཏོང་ཐུབ་པའི་དོས་སྒམ་མཚོ་ལམ་38བཏོད་ཟིན་པ། མཁའ་ཐོག་ཏུ་ནན་ཉིང་གནམ་ཐང་གི་མཁའ་ལམ་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ཏུ་ཤར་གཏོང་ཐུབ་པ། དྲ་ཐོག་ཏུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ལ་ཤར་གཏོང་གི་རྒྱལ་སྤྱིའི་སྐམ་སའི་འོད་སྐུད་12ཁྲིད་ཟིན་ཏེ་མངའ་ཁོངས་སྒྲོལ་བའི་དྲ་རྒྱའི་སྤུས་ལེགས་ཞབས་འདེགས་ཞུ་བཞིན་ཡོད།

“ང་ཚོས‘སྐམ་མཚོ་མཁའ་གྲངས’བཅས་ཕྱོགས་བཞིའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་མཐུད་ཀྱི་དུས་ཚོད་ཐུང་ཤོས་དང་། ཞབས་ཞུ་ཡག་ཤོས། རིན་གོང་ཁེ་ཤོས་བཅས་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་ཞིག་གཏོད་རྒྱུ་ཡིན”ཞེས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་པའེ་སུང་ཐའོ་ཡིས་བརྗོད།

སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྒྲིག་སྲོལ་དང་ཚད་གཞི་འབྲེལ་མཐུད་ཟབ་མོ་ཐུབ་པར་སྐུལ་འདེད་བཏང་བ།

ཟླ་4ཚེས་20ཉིན། ནན་ཉིང་ཝུའུ་ཤུས་རྒྱལ་སྤྱིའི་གནམ་ཐང་དུ་འབར་མ་ནས་ཡོང་བའི་དུས་གཏན་གནམ་གྲུ་ཞིག་དལ་གྱིས་བབས། རིག་ནུས་མཁའ་འགྲུལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཀྱི་བཀོད་འདོམས་འོག་ནང་འདྲེན་བྱས་པའི་ཆུའི་ཐོན་རྫས་ཏུན་20མགྱོགས་མྱུར་བརྒྱུད་འདྲེན་བྱས། “དེ་གོང་དངོས་ཟོག་དམིགས་གཏན་འཁེལ་བའི་ལྟ་འདོམས་ལས་སྒྲུབ་ཁུལ་དུ་དབོར་རྗེས་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས་པས། དུས་ཚོད་དང་ནུས་ཤུགས་འཕྲོ་བརླག་འགྲོ་ཡི་འདུག ད་ཆ་ནང་འདྲེན་དངོས་ཟོག་གནམ་ཐང་ལས་སྟེགས་ནས་ཐད་ཀར་དབོར་ཏེ་ས་ཆ་ཁག་ལ་གཏོང་གི་ཡོད”“རིག་ནུས་བཀོད་གཏོང་ལ་བརྟེན་ནས་གང་སར་རྒྱུག་མི་དགོས་པ་བྱུང་བ་དང་། དངོས་ཟོག་ཐོ་འཇུག་གི་དུས་ཚོད་དེ་སྔའི་ཆུ་ཚོད་1ནས་ད་ཆའི་སྐར་མ་10བར་ཐུང་དུ་ཕྱིན་པ། བརྒྱུད་སྐྱེལ་ལས་སྒྲུབ་ཀྱི་དུས་ཚོད་ཆུ་ཚོད་4ཉུང་དུ་ཕྱིན་པ། ནང་འདྲེན་མཚོ་ཟས་ཀྱི་འགག་སྒྲོལ་དེ་བས་མགྱོགས་སུ་ཕྱིན་ཡོད”ཅེས་ཀོང་ཤིས་ཉ་འཛིན་རྒྱལ་སྤྱིའི་ཟོག་འདྲེན་ལས་ཚབ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧོང་ཡུས་ཀྲོའུ་ཡིས་དེ་ལྟར་བརྗོད།

ལམ་ལུགས་རང་བཞིན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་བཏང་ཞིང་། ད་ལོའི་ཟླ་3པར། ཝུའུ་ཤུས་རྒྱལ་སྤྱིའི་གནམ་ཐང་དུ“རིག་ནུས་མཁའ་འགྲུལ”འཛུགས་སྐྲུན་གྱི་འབྲེལ་ཡོད་བྱེད་སྟངས་ཀྲུང་གོའི(ཀོང་ཤིས)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གྲས་སུ་ཚུད་ཡོད། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་དོན》(RCEP)གྱི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་འབྲེལ་མཐུད་ཟབ་མོ་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་214གྲུབ་པ་མ་ཟད། ཀོང་ཤིས་སུ་འདྲ་བཟོ་ཁྱབ་གདལ་བཏང་ཡོད། ད་ལོའི་དུས་ཚིགས་དང་པོར་ཀོང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་1873.3ཟིན་ཏེ་དུས་མཚུངས་ལས་16.8%འཕར་བའི་ཁྲོད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་དེ་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྒོར་དུང་ཕྱུར་1000གི་འགག་སྒོ་ལས་ཐོག་མར་བརྒལ་ཡོད།

སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་སོགས་ཀྱི་མཉམ་ལས་དམ་ཟབ་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ།

2024ལོར་ལིའུ་ཀྲོའུ་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་ལོ་སིའི་ཕྱི་སྦྱོང་སློབ་མ་ཏུའུ་ཝང་ནི་ཀྲུང་ལོ་ལྕགས་ལམ་ཝན་ཐེན་ནས་མོ་ཏིང་བར་གྱི་འཁོར་རིགས་བཀོད་གཏོང་གི་ཁ་ལོ་བ་གཞོན་པ་ཡིན་ཞིང་། ཁོང་གིས“ཕྱི་སྦྱོང་ལོ་3བྱེད་རིང་། ངས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མར་ཕྱོགས་པའི་སྦྱངས་ཐོན་གཟིགས་བཟོས་རེ་ཞུ་བྱས་པ་ཡིན། སློབ་མཐར་ཕྱིན་རྗེས་ངས་ཀྲུང་གོའི་སྔོན་ཐོན་གྱི་ལྕགས་ལམ་སྐྱེལ་འདྲེན་ལག་རྩལ་ལོ་སིར་ཁྱབ་གདལ་གཏོང་རྩིས་ཡོད”ཅེས་བཤད། མཉམ་འབྲེལ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། ལོ་མང་རིང་། ལིའུ་ཀྲོའུ་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་གིས་མ་ལེ་ཞི་ཡ་དང་། ལོ་སི། ཐེ་ལན་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་རྩལ་ནུས་ཤེས་ལྡན་པ་1000ལྷག་ཙམ་གསོ་སྐྱོང་བྱས་ཡོད། ད་བར་ཀོང་ཤིས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་སློབ་གླིང་10རྣམ་གྲངས་ནང་བཅུག་ནས་བསྐྲུན་ཡོད་ལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སློབ་གྲྭ་དང་སློབ་གླིང་200ཙམ་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད།

ཕྱིར་ཕྱོགས་ནས་ཤེས་ལྡན་པ་དང་། སློབ་གསོ། ཡུལ་སྐོར་སོགས་ཀྱི་སྤེལ་རེས་མཉམ་ལས་རྒྱུན་མཐུད་ཟབ་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་བསྐྲུན་ཡོད། ད་ལོའི་དུས་ཚིགས་དང་པོར། ཀོང་ཤིས་འགག་སྒོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་363.1ཟིན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་འཁོར་ཐེངས་ཁྲི་41.4(གནམ་གྲུ་དང་། གྲུ་གཟིངས། མེ་འཁོར)ལ་ཞིབ་དཔྱད་བྱས་པ་དེ་དུས་མཚུངས་ལས་10.1%དང་15.6%སོ་སོར་འཕར་ཡོད།

(བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)