འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་5ཉིན།

༄༅།།ཟླ་བ་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་གྱི་མ་འཇོག་ཆུ་ཚད་མཐོ་པོས་འཁོར་རྒྱུག་བྱས་པ།

ཆུ་ལམ་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་10.4%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་05ཉིན། 10:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཤིན།

དབྱར་སྟོད་དུ་ཀྲུང་གོའི་ས་གཞི་ཆེན་པོར་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ལ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད།

ཀོང་ཏུང་ཧྲེན་ཀྲེན་དུ་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་ཀྱི་གཙོ་གནད་ལས་གྲྭ་སྟེ། ཕིང་ཧུའུ་ཕྱོགས་བསྡུས་ཟོག་འགྲེམས་ལྟེ་གནས་ལྷོ་མའི་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭའི་ངར་ལྕགས་ཀྱི་གྲུབ་ཆ་གཙོ་བོ་ལེགས་གྲུབ་བྱུང་ནས་ལོ་འདིའི་ནང་ལས་མཇུག་འགྲིལ་རྒྱུ་རེད།

ཧུའུ་པེ་ཨེ་ཀྲོའུ་རུ་འཛམ་གླིང་ཐོག་གི་མཚམས་བརྒལ་འབྲེང་ཐག་བཞིའི་དཔྱང་ཟམ་ཆེ་ཤོས་ཏེ། ཡན་ཅི་འབྲི་ཆུའི་ཟམ་ཆེན་གྱི་འབྲེང་ཐག་གཙོ་བོ་ཁྲིད་ཟིན་ནས་རྗེས་མཐུད་ཀྱི་ཟམ་པ་གཙོ་བོའི་ཟམ་སྣེ་མཐུད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ལས་གྲྭ་གལ་ཆེན་ཁག་གཅིག་གིས་སྣེ་ཁྲིད་བྱས་ཏེ་འགྲིམ་འགྲུལ་གྱི་མ་འཇོག་ཆུ་ཚད་མཐོ་པོས་འཁོར་རྒྱུག་རྒྱུན་འཁྱོངས་བྱུང་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱིས་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་9503ལེགས་སྒྲུབ་བྱས་ནས་ལྕགས་ལམ་དང་ཆུ་ལམ་ལ་མ་འཇོག་བྱེད་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་དེ་དུས་མཚུངས་ལས་5.3%དང་10.4%སོ་སོར་འཕར་ཡོད།

སྐྲུན་བཞིན་པ་ཁག་གཅིག་དང་། སྐྲུན་འགོ་ཚུགས་པ་ཁག་གཅིག གྲབས་གསོག་ཁག་གཅིག་བཅས་བྱས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་ལ་མ་འཇོག་ནུས་ལྡན་རྒྱ་སྐྱེད་ཧུར་ཐག་བཏང་སྟེ་འགྲིམ་འགྲུལ་གྱི་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་ཁག་གཅིག་གི་ལོ་འཁོར་གྱི་བཀོད་སྒྲིག་ལེགས་སྒྲུབ་བྱེད་ཆེད། ད་ལོའི་ཟླ་2པར་འགྲིམ་འགྲུལ་སྐྱེལ་འདྲེན་པུས《འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་གྱི་ལས་གྲྭ་གལ་ཆེན་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པའི(2025ལོའི་པར་གཞི)》བཟོས་ནས་བཀྲམ་པ་དང་། རྒྱལ་ཁབ་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོའི་སྦྲེལ་མཐུད་དང་སྤུས་ཚད་མཐོར་གཏོང་གི་ལས་གྲྭ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་འཐུས་སྒོ་ཚང་དུ་གཏོང་བའི་ལས་གྲྭ་སོགས་ལས་གྲྭ་གལ་ཆེན་20(འགན་གཙང)དང་། ཤིན་བོད་ལྕགས་ལམ། འབྲི་ཆུའི་འགག་གསུམ་གྱི་ཆུ་འདྲེན་བགྲོད་ལམ་གསར་པ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ལྟེ་བའི(ཀོང་ཀྲོའུ)གནམ་ཐང་གསར་པ་སོགས་རྣམ་གྲངས་གལ་ཆེན་45འཆར་འགོད་བྱེད་འགོ་ཚུགས་པའམ་ཡང་ན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།

“ད་ལོ་ནས་བཟུང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་ནུས་ཤུགས་ཡོད་རྒུས་འགོ་ཚུགས་ལ་དམ་འཛིན་དང་། འཕར་སྣོན་བརྟན་པོ། འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་ནས་ལས་རིགས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་བྱས་ཡོད”ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཕྱོགས་བསྡུས་འཆར་འགོད་སིའི་འབྲེལ་ཡོད་འགན་འཁུར་བས་བརྗོད།

དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལ་བལྟས་ན། འཕར་ཚད་ན་ནིང་གི་ལོ་ཧྲིལ་པོའི་ཆུ་ཚད་ལས་མགྱོགས་པ་ཡོད་ཅིང་། ཟླ་དང་པོ་ནས་བཞི་པའི་བར་ཚོང་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་180.9ཟིན་པ་དུས་མཚུངས་ལས་4.7%འཕར་བ་དང་། དེའི་ནང་གཞུང་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་132.4ཟིན་པ་དེ་དུས་མཚུངས་ལས་5.0%འཕར་བ་དང་། ཆུ་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་31.7ཟིན་པ་དེ་དུས་མཚུངས་ལས་4.9%འཕར་ཡོད། ལེ་དབར་ཁྲི་ཡི་འབྲི་ཆུའི་ཆུ་ལམ་ཡག་པོར་ཡང་སྐྱེལ་འདྲེན་བྲེལ་འཚུབ་ཆེ་ཞིང་། ཟླ་དང་པོ་ནས་བཞི་པའི་བར་འབྲི་ཆུའི་མ་ལམ་དུ་གྲུ་གཟིངས་ཀྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་ཏུན་དུང་ཕྱུར་12.17ཟིན་པ་དེ་དུས་མཚུངས་ལས་3.13%འཕར་ཡོད།

གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ལ་བལྟས་ན། དོས་སྒམ་འདོན་འཇུག་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་བཞི་པའི་བར་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་57.5ཟིན་པ་དུས་མཚུངས་ལས་3.7%འཕར་བ་དང་། དེའི་ནང་རྒྱལ་ནང་དང་ཕྱི་ཕྱོགས་ཚོང་དོན་གྱི་དངོས་ཟོག་འདོན་འཇུག་བྱེད་ཚད་དུས་མཚུངས་ལས་4.4%དང་2.0%སོ་སོར་འཕར་ཡོད། དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་དོས་སྒམ་དུང་ཕྱུར་1.1ཟིན་པ་དེ་དུས་མཚུངས་ལས་7.9%འཕར་ཡོད། “འཛམ་གླིང་ཐོག་གི་གྲུ་ཁ་ཆེ་ཤོས་དང་པོ”ཡིན་པའི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་ཟླ་དང་པོ་ནས་བཞི་པའི་བར་དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་1356.8ཟིན་པ་དེ་དུས་མཚུངས་ལས་9.9%འཕར་ཡོད་པ་རེད།

དངོས་ཟོག་སྐྱེལ་འདྲེན་འཁོར་རྒྱུག་ནུས་པ་ཆེ་བ་དང་མི་སྣ་འགྲོ་འོང་བྱེད་ཚད་རྒྱུན་མཐུད་དར་རྒྱས་བྱུང་ཞིང་། ཟླ་དང་པོ་ནས་བཞི་པའི་བར་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་227.4ཟིན་པ་དུས་མཚུངས་ལས་3.8%འཕར་བ་དང་། དེའི་ནང་གཞུང་ལམ་གྱི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་209.6ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཡོད་པ་རེད།

(ཉི་དོན་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)