གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་05ཉིན། 10:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་15ཡིས་མཉམ་དུ《རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཚད་གཞིའི་མ་ལག་འཛུགས་སྐྲུན་ཇུས་གཞི》བཀྲམ་ནས་རང་རྒྱལ་གྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཚད་གཞིའི་མ་ལག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་པ་དང་། ཚད་གཞི་དེའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལས་ཀའི་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་། ཚད་ལྡན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་པ་དང་མ་ལག་ཚད་ལྡན་གྱི་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཚད་གཞིའི་མ་ལག་མགྱོགས་མྱུར་བསྐྲུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བཅས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
འཛུགས་སྐྲུན་ཇུས་གཞིས་རྨང་གཞིའི་ནུས་པའི་འདེགས་སྐྱོར་དང་། གནམ་གཤིས་འགྱུར་ལྡོག་ཆུང་དུ་གཏོང་བ། གནམ་གཤིས་འགྱུར་ལྡོག་དང་འཚམ་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཚད་གཞིའི་མ་ལག་འཛུགས་སྐྲུན་གྱི་སྒྲོམ་གཞི་བཙུགས་ཡོད། རྨང་གཞིའི་ནུས་པའི་འདེགས་སྐྱོར་ཚད་གཞིའི་མ་ལག་ནང་གཙོ་བོ་རྨང་གཞི་ཀུན་འཕྲོད་དང་། དྲོད་ཁང་རླུང་གཟུགས་ཞིབ་རྩིས། དྲོད་ཁང་རླུང་གཟུགས་ཞིབ་བཤེར། དྲོད་ཁང་རླུང་གཟུགས་ལྟ་ཞིབ་ཚད་ལེན་བཅས་ཀྱི་ཚད་གཞི་རིགས་4ཚུད་ཡོད་པ་རེད། གནམ་གཤིས་འགྱུར་ལྡོག་ཆུང་དུ་གཏོང་བའི་ཚད་གཞིའི་མ་ལག་ནང་གནམ་གཤིས་འགྱུར་ལྡོག་ཆུང་དུ་གཏོང་བའི་བྱ་སྤྱོད་ཀྱི་ཚད་གཞི་དང་། ཁྲོམ་ར་ཅན་གྱི་ལམ་སྲོལ་དོ་དམ་གྱི་ཚད་གཞི། དྲོད་ཁང་རླུང་གཟུགས་ཕྱིར་གཏོང་གི་ཚད་གཞི། དྲོད་ཁང་རླུང་གཟུགས་དང་སྦགས་བཙོག་དངོས་པོ་མཐུན་སྦྱོར་དོ་དམ་ལག་རྩལ་གྱི་ཚད་གཞི། གནམ་གཤིས་འགྱུར་ལྡོག་ཆུང་དུ་གཏོང་བར་གདེང་འཇོག་གི་ཚད་གཞི། གནམ་གཤིས་འགྱུར་ལྡོག་ཆུང་དུ་གཏོང་བའི་ལག་རྩལ་དོ་དམ་གྱི་ཚད་གཞི་བཅས་ཚད་གཞི་ཁག་6ཚུད་ཡོད། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་ཚད་གཞིའི་མ་ལག་ནང་གནམ་གཤིས་འགྱུར་ལྡོག་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་གི་ཚད་གཞི་དང་། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་ཉེན་ཁ་དཔྱད་དཔོག་གི་ཚད་གཞི། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་བྱ་སྤྱོད་ཀྱི་ཚད་གཞི། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་ལག་རྩལ་གྱི་ཚད་གཞི། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་བྱ་སྤྱོད་ཀྱི་ཕན་འབྲས་དཔྱད་དཔོག་གི་ཚད་གཞི་བཅས་ཚད་གཞི་ཁག་5ཚུད་ཡོད་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། ཉི་དོན་གྱིས་ཞུས)