གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་05ཉིན། 10:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གི་སྡེ་ཁུལ་དང་གྲོང་ཚོ་7000ལྷག་ཙམ་ལ་བྱིས་པའི་ཀྲུའུ་རེན་ཕྱོགས་ཡོངས་ཁྱབ་བྱུང་ནས་དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་དང་། ཕན་བདེའི་འགན་སྲུང་རེ་ཞུ་བྱེད་རོགས། བྱིས་པའི་ཕན་བདེའི་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྟངས་བརྒྱུད་ཉམ་ཐག་བྱིས་པར་གཅེས་སྐྱོང་དང་རྒྱབ་སྐྱོབ་བྱས་པ་རེད། དེ་མིན་ད་དུང་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་གཞུང་དང་ཤང་དང་གྲོང་རྡལ་300ལྷག་ཙམ་ལ་བྱིས་པའི་ལྟ་སྐུལ་སློབ་སྟོན་པའང་བཀོད་སྒྲིག་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཉམ་ཐག་བྱིས་པའི་འཚོ་བའི་འགན་སྲུང་ཐད་པེ་ཅིང་གིས་འཚོ་བའི་འགྲོ་གྲོན་རང་བཞིན་དུ་འཕར་བའི་ལམ་སྲོལ་བཟོས་ནས་ལོ་གཉིས་རེར་འགན་སྲུང་གི་ཚད་གཞི་ཐེངས་རེ་ལེགས་སྒྲིག་བྱེད་ཀྱི་ཡོད་པས། འཚོ་བའི་འགྲོ་གྲོན་གྱི་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཉམ་ཐག་བྱིས་པ་རང་རྟོགས་ཤེས་རྟོགས་ཀྱི་ལམ་སྲོལ་བཟོས་ཤིང་། གཞི་རིམ་བྱིས་པའི་ཀྲུའུ་རེན་གྱིས་དུས་བཀག་ལྟར་འཚམས་འདྲི་དང་གྲངས་གཞི་ཆེན་པོ་བསྡུར་བ་བྱས་པ་བརྒྱུད་ཆ་རྐྱེན་དང་འཚམ་པའི་ཉམ་ཐག་བྱིས་པ་དུས་ཐོག་ཏུ་འགན་སྲུང་ནང་འཇུག་གི་ཡོད། “སྔོན་ལ་རོགས་སྐྱོབ་དང་རྗེས་སུ་གཏན་འཁེལ”གྱི་འཕྲལ་སྡོམ་བྱ་ཐབས་ལག་ལེན་བསྟར་ནས་ཆ་རྐྱེན་དང་འཚམ་པའི་བྱིས་པར་དུས་ཐོག་ཏུ་འགན་སྲུང་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད།
པེ་ཅིང་གིས་དམངས་སྲིད་པུའི“ཕན་བདེའི་རྒྱན་ཤོག་གིས་ཕུགས་འདུན་འགྲུབ་ཅེས་པའི་དྭ་ཕྲུག་ལ་སློབ་སྐྱོར་གྱི་འདུ་འགོད”རྣམ་གྲངས་དོན་འཁྱོལ་ཧུར་ཐག་བྱས་ནས་ཆ་རྐྱེན་དང་འཚམ་པའི་བྱིས་པ་མི་རེར་ལོ་ལྟར་རོགས་སྐྱོར་ཁ་གསབ་སྒོར་ཁྲི་1སྤྲོད་པ་དང་། རྒྱལ་ཡོངས་སུ“དངོས་འབྲེལ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་སློབ་སྐྱོར་འདུ་འགོད”རྣམ་གྲངས་སྔོན་ལ་བཏོན་ནས་ལག་ལེན་བསྟར་ཏེ་ཁོང་ཚོ་བདེ་བླག་ངང་སློབ་མཐར་ཕྱིན་པར་རོགས་རམ་བྱེད་ཀྱི་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། མཚམས་གཅོད་ཀྱིས་ཞུས)