འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

འདི་གར་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་གནས་རེད་ལ་བོད་ཀྱི་ལོ་རྒྱུས་ཐོག་གི“སྔ་བ”མང་པོ་ཞིག་ཀྱང་ཡོད།

༄༅།།“བོད་མིའི་འབྱུང་གནས”ལྷོ་ཁའི་རིག་གནས་མཉམ་འདྲེས་ཀྱི་གཞི་རྒྱུ་འཚོལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འཛམ་གླིང་དུས་སྐབས་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཅུའེ་ཁྲེང་དང་ཧྥན་ལིང་ཀྲེ། འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་པོ་ལན་དང་ཤན་ཀན།

    ཀེ་རི་སེའི་རྒྱལ་ས་ཨ་ཐེན་སི་ནས་དུས་ཁུལ་5བསྒྲལ་ནས་གནམ་གྲུར་ཆུ་ཚོད་17བསྡད་ན་གཞི་ནས་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་འབྱོར་ཞིང་། དེ་ནི་ལོ་ངོ་སྟོང་ཕྲག་གོང་གི་གནའ་མིའི་ངོས་ནས་བརྗོད་ན་བསམ་ཚོད་ལས་འདས་པ་ཞིག་རེད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་སྤྱི་ལོའི་དུས་རབས་6པ་ནས་7པའི་བར་གྱི་གསེར་ཆུ་བྱུགས་པའི་དངུལ་སྡེར་ཞིག་ལས་ཀྲུང་ཧྭའི་ཤེས་དཔལ་དང་ཀེ་རི་སེའི་ཤེས་དཔལ་དབར་གྱི་སྤེལ་རེས་ལོ་རྒྱུས་གསལ་པོར་མཚོན་བཞིན་ཡོད།

    རྟེན་མཛོད་ཁང་དུ་ཡོད་པའི་བོད་ཀྱི“ས་མཐོའི་དར་གོས་ལམ་བུའི”གཏམ་རྒྱུད།

    ལྷོ་ཁར་གནའ་སྔ་མོ་ནས“ཡར་ཀླུང”ཞེས་འབོད་པ་དེ་ནི་ཡར་ལྷ་ཤམ་ཆུ་དེ་ནས་རྒྱུག་པ་ལས་ཐོགས་པ་ཞིག་རེད། དེ་གར་རླངས་འཁོར་བཏང་སྟེ་འགྲོ་སྐབས“སྔ་བ”མང་པོ་ཞིག་མཐོང་ཐུབ་སྟེ། བོད་ཀྱི་དགོན་ལ་སྔ་བ་དང་། ལྷ་ཁང་ལ་སྔ་བ། དཔེ་ཆ་ལ་སྔ་བ་སོགས་ཡོད། བཙན་པོ་སྲོང་བཙན་སྒམ་པོས་ལྷ་སར་ཐུ་བྷོད་སྲིད་དབང་མ་བཙུགས་གོང་། བཙན་པོ་རིམ་བྱོན་གྱི་སྲིད་སྐྱོང་ལྟེ་གནས་ལྷོ་ཁའི་ཡར་ལྷ་ཤམ་ཆུ་རྒྱུག་ཁུལ་དུ་ཡོད་པས། འདི་གར་ནི་བོད་མིའི་འབྱུང་གནས་དང་བོད་རིག་གནས་དར་སའི་གྲས་ཤིག་ཏུ་ངོས་འཛིན་གྱི་ཡོད།

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལས་ལྷོ་ཁས་1995ལོར་བོད་ཀྱི་རྟེན་མཛོད་ཁང་དང་པོ་བསྐྲུན་པ་དང་། “སྔ་བ”ཞེས་པ་འདིའང“བོད་མིའི་འབྱུང་གནས”ཀྱི་མཆན་འགྲེལ་གསར་པ་གཞན་ཞིག་ཙམ་རེད། ལྷོ་ཁ་གྲོང་ཁྱེར་གྱི་རྟེན་མཛོད་ཁང་དུ་སྐྱོད་སྐབས་གསེར་ཆུ་བྱུགས་པའི་དངུལ་སྡེར་དེ་ཕུད་ད་དུང་གསར་འགོད་པའི་མིག་དབང་འཕྲོག་པའི་རིག་དངོས་གཞན་ཞིག་ནི་སྡེར་མ་དེ་དང་དུས་རབས་གཅིག་པའི་ས་ཧྲན་དངུལ་ཊམ་དེ་རེད།

    ལྷོ་ཁ་གྲོང་ཁྱེར་རྟེན་མཛོད་ཁང་གི་ཀོན་ཀྲང་སྒྲོལ་མས་གསར་འགོད་པར་ངོ་སྤྲོད་བྱས་དོན། ལོ་རྒྱུས་ཐོག་གི་ས་ཧྲན་རྒྱལ་རབས་ནི་གནའ་བོའི་ཏ་ཟིག(ད་ཆའི་དབྱི་རན)སྐབས་སུ་བཙུགས་ཤིང་། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་དབར་གྱི་དར་གོས་ལམ་བུའི་འགག་མདོར་གནས་ཡོད། ལྷོ་ཁ་ནས་རྙེད་པའི་ས་ཧྲན་དངུལ་ཊམ་དེ་དག་ལས་བོད་དེ་ཉིད་སྔ་ས་ནས“ས་མཐོའི་དར་གོས་ལམ་བུ”གཞན་ཞིག་བརྒྱུད་དེ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དང་ཐད་ཀར་རམ་ཡང་ན་བར་བརྒྱུད་ཀྱི་འགྲོ་འོང་ཡོད་པ་ར་འཕྲོད་ཡོད།

    སྒྲོལ་མས། རིག་གནས་འགྲོ་འོང་དང་མཉམ་འདྲེས་ཀྱི་གཏམ་རྒྱུད་མང་པོ་ཞིག་འགྲེམས་དངོས་ལས་མཚོན་གྱི་ཡོད། “ལྷ་སྐུ་འདི་དག་ལ་གཟིགས་དང་། ཞལ་རས་དང་། ཅོད་པན། ན་བཟའ་ཚང་མར་ཨེ་ཤེ་ཡ་ལྷོ་མའི་ཁྱད་ཆོས་ཡོད་པ་དང་། ཐང་ག་འདི་དག་ལ་སྔར་བཞིན་ནེ་པ་ལའི་རིག་གནས་ཀྱི་ཉམས་འགྱུར་མཐོང་རྒྱུ་ཡོད། ལེགས་སྦྱར་གྱི་ཡི་གེས་བྲིས་པའི་ཏ་ལའི་ལོ་མའི་དཔེ་ཆ་དེའི་ཤིང་རྒྱུ་གཙོ་བོ་ཚ་ཁུལ་དང་ཚ་ཁུལ་ཕལ་པའི་རྒྱུད་དུ་མ་གཏོགས་སྐྱེ་ཡི་མེད”ཅེས་གསར་འགོད་པར་ངོ་སྤྲོད་བྱས།

    སྒྲོལ་མས“བོད་ཀྱི་རིག་གནས་གྲུབ་པའི་བརྒྱུད་རིམ་ནི་སྣ་མང་མཉམ་བསྡུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས་དེར་ཀྲུང་ཡོན་ས་ཁུལ་དང་ཨེ་ཤེ་ཡ་ལྷོ་མ་སོགས་ས་ཁུལ་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད”ཅེས་བཤད།

རྒྱུན་གཏན་གྱི་འཚོ་བའི་ཁྲོད་རིག་གནས་མཉམ་འདྲེས་ཀྱི་བག་ཆགས་ཡོད་པ།

    ལྷོ་ཁར་མི་རིགས་འགྲོ་འོང་དང་རིག་གནས་མཉམ་འདྲེས་ཀྱི་བག་ཆགས་གང་སར་མཐོང་རྒྱུ་ཡོད།

    ཡུལ་མི་ཚེ་རིང་གི་ཁྱིམ་དུ་མགྲོན་པོར་འགྲོ་སྐབས་ཁོང་གིས་འཕྲལ་དུ་ཤིང་ཕོར་ནང་ཇ་སྲུབ་མ་རླངས་པ་འཚུབ་འཚུབ་བླུག་པ་དེ་ནི་བོད་རིགས་ཀྱིས་མགྲོན་པོར་སྣེ་ལེན་ཞུ་སྟངས་ཤིག་རེད།

     ཇ་སྲུབ་མ་འཐུང་སའི་ཤིང་ཕོར་ནི་བོད་རིགས་ཀྱི་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་རེད། ཚེ་རིང་གིས་སྔ་མོ་བོད་མི་རྣམས་སྡོད་གནས་ངེས་གཏན་ཞིག་མེད་པར་རྩྭ་ཆུ་བཟང་སར་སྤོས་ཀྱིན་དུ་འཚོ་ཡི་ཡོད་པས་དཀར་ཡོལ་ནི་ཆག་སླ་བ་དང་ལྕགས་ཕོར་དཀོན་ལ་ལྕི་བར་བརྟེན། ཡང་ཞིང་སྤྱོད་སྒོ་ཆེ་བ་དང་རིན་གོང་ཡང་བལྟོས་བཅས་ཀྱིས་ཆུང་བའི་ཤིང་ཕོར་ལ་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

     བོད་ཀྱི་ས་ཆ་མང་པོ་ཞིག་ནས་ཤིང་ཕོར་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། ལྷོ་ཁའི་རྒྱ་ཚ་རྫོང་ནི་སྟར་ཤིང་གིས་བཟོས་པའི་ཤིང་ཕོར་ལས་སྐད་གྲགས་ཆོད། ཚེ་རིང་གིས་ཚང་མས་ནེ་པ་ལའི་ལག་བཟོའི་ཤིང་ཕོར་ཉོ་མཁན་ཡང་ཡོད་ཅེས་བཤད། བོད་དུ་བཅར་འདྲི་བྱེད་རིང་ལྷོ་ཁ་ནས་ཉིང་ཁྲི་བར་དང་དེ་ནས་མངའ་རིས་ས་ཁུལ་བར་ཧ་ལམ“ནེ་པ་ལའི་ཡུལ་ཟོག”ཅེས་བཀོད་པའི་ཚོང་ཁང་ཚང་མར་ཤིང་ཕོར་ཆེ་ཆུང་འདྲ་མིན་སྣ་ཚོགས་བསྒྲིགས་ཡོད་པ་གསར་འགོད་པས་དོ་སྣང་བྱུང་།

     མངའ་རིས་སྤུ་ཧྲེང་རྫོང་མཐའ་མཚམས་ཚོང་དོན་ཁྲོམ་རར་ཡུལ་དེ་གའི་ཚོང་པས། ནེ་པ་ལར་ཤིང་ཕོར་བཟོ་བའི་རིག་གནས་ཡོད་ལ། བོད་དུ་ཤིང་ཕོར་འཚོང་བ་དང་སྤྱོད་པའི་རིག་གནས་དར་ཡོད་པས་རྣམ་པ་དེ་གཉིས་པོ་ད་བར་རྒྱུན་འཛིན་ཐུབ་ནས་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་ཅེས་གསར་འགོད་པར་བཤད།

    སྒྲོལ་མས། བོད་ཀྱི་སྲོལ་རྒྱུན་གྱི་རྒྱན་ཆ་མང་ཆེ་བ་རང་བྱུང་གི་གསེར་དངུལ་དང་མུ་ཏིག་གཡུ་བྱུར་སོགས་ལས་བཟོ་ཡི་ཡོད་པས། ཡོད་དུས་རྒྱན་ཆ་དང་མེད་དུས་ལྟོ་གོས་ལ་བརྩི་ཡི་ཡོད། བོད་རིགས་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་དབང་གིས་རིན་ཆེན་རྡོ་རིགས་སྣ་ཚོགས་དང་མུ་ཏིག་སོགས་ཀྱི་ཐོན་རྫས་ཀྱང་ལོ་རྒྱུས་ཐོག་ས་ཆ་ཁག་ནས་བོད་ལ་དབོར་བའི་ཚོང་ཟོག་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད།

    རྒྱུན་འཛིན་ཁྲོད་འགྲོ་འོང་དང་སྤེལ་རེས་ཟབ་ཏུ་འགྲོ་བ།

    ན་ནིང་ཟླ་12པར་ཡར་ཀླུང་ཚོང་འདུས་ཐོག་ལྷོ་ཁའི་གྲོང་མི་དང་ནེ་པ་ལའི་ཚོང་པའི་དབར“བཀྲ་ཤིས་བདེ་ལེགས་དང་Namaste”ཞེས་ཕན་ཚུན་འཚམས་འདྲི་བྱེད་ཀྱི་ཡོད། ཡུན་རིང་གི་སྤེལ་རེས་ཁྲོད་འཚམས་འདྲི་ཞུ་བའི་ཚིག་འདི་གཉིས་མཐའ་མཚམས་ས་ཁུལ་གྱི་དམངས་ཚོགས་དབར་སྤེལ་རེས་བྱེད་པའི་རྒྱུན་སྤྱོད་ཀྱི་སྐད་ཆར་གྱུར་ཡོད།

    ཡར་ཀླུང་ཚོང་འདུས་ནི་ལྷོ་ཁའི་ལོ་གཅིག་དུས་གཅིག་གི་ཚོང་ཟོག་སྤེལ་རེས་འགྲེམས་ཚོགས་གལ་ཆེན་ཞིག་དང་། བོད་ལྗོངས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱེད་པའི་སྐར་ཁུང་ཞིག་ཡིན་ལ། བོད་ཀྱི་ཡུལ་ཟོག་དང་རིག་གནས་ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་སྦྲེལ་ཟམ་ཞིག་དེ་བས་ཀྱང་རེད། “བཀྲ་ཤིས་བདེ་ལེགས་དང་Namaste”བརྗོད་ཐེངས་རེར་ལག་པ་གཏོང་རེས་རེ་བྱས་ནས་ཚོང་འགྲིག་པ་དང་སྦྲགས་མཛའ་གྲོགས་ཟབ་ཏུ་འགྲོ་བཞིན་ཡོད། ན་ནིང་ཡར་ཀླུང་ཚོང་འདུས་སུ་ཚོང་འགྲིག་ཚད་བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར་7ཙམ་ཟིན་ཡོད།

    ནེ་པ་ལའི་ཚོང་པ་མིག་དམར་མཚོ་མོའི་ཚོང་ཁང་ནང་ཟངས་ཆས་སྣ་ཚོགས་ལྟ་བས་མི་ངོམ་པ་བསྒྲིགས་ཡོད། ཁོང་གིས་གསར་འགོད་པར། ཟངས་ཆས་དེ་དག་ཚང་མ་ནེ་པ་ལའི་ལག་ཤེས་པས་ལག་པས་བརྡུངས་པ་ཞིག་ཡིན་པ་དང་ཆུང་བ་སྤོས་གཞོང་དང་ཤིང་འབྲས་སྡེར་མ་ནས་ཆེ་བ་ཆང་བླུག་སའི་ཟངས་བན་བཅས་བར་གང་དགོས་ཅི་འཛོམས་ཡོད་ཅེས་བཤད།

    མིག་དམར་མཚོ་མོས“ང་ཚོས་ཆེད་མངགས་བོད་ལ་བཟོས་པ་ཞིག་མིན། ཟངས་ཆས་དེ་དག་གི་བཟོ་དབྱིབས་དང་ཁྲ་རྒྱན་ནི་ང་ཚོ་ནེ་པ་ལ་བས་དགའ་པོ་བྱེད་པ་ཤ་སྟག་ཡིན་ལ། བོད་ཀྱི་སྐུ་མགྲོན་ཚོས་ཀྱང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

     མཐའ་འཁོར་དང་དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་ཟབ་ཏུ་ཕྱིན་པ་མ་ཟད། “བོད་མིའི་འབྱུང་གནས”ཡིན་པའི་ལྷོ་ཁས་ཀྱང་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་བོད་ཀྱི་རིག་གནས་ལ་དགའ་པོ་ཡོད་མཁན་ཚོའི་ཡིད་དབང་འགུག་པ་དང་ལྷག་པར་དུ་ལོ་ལྟར་དབྱར་ཁར་གཉེར་བའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་སྐུ་མགྲོན་དེ་བས་མང་བ་ཡོང་གི་ཡོད།

     ལྷ་ས་སོགས་དང་བསྡུར་ན་རྒྱལ་སྤྱིའི་ཐོག་ལྷོ་ཁའི་མིང་གྲགས་སྔར་བཞིན་ཆུང་ཙམ་ཡིན་ནའང་དེ་གར་སྐྱོད་མྱོང་མཁན་ཚང་མས་ཡུལ་དུས་ལས་བརྒལ་ནས་ལོ་རྒྱུས་ཀྱི་ཉམས་སྣང་གང་སར་ཁྱབ་པ་དང་རིག་གནས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་རྗེས་ཤུལ་ཇི་སྙེད་པ་ཚོར་གྱི་ཡོད། ཡར་ལྷ་ཤམ་ཆུ་གངས་རི་སྒྲོལ་ནས་མཐའ་ཡས་རྒྱ་མཚོར་བཞུར་བ་དང་སྦྲགས་ལྷོ་ཁའི་རིག་གནས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་རྒྱ་སྐྱེད་དུ་འགྲོ་བཞིན་ཡོད།

    སྦྲེལ་མཐུད། བོད་ལྗོངས་ལྷོ་ཁ།

     བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མང་པོ་ལྡན་པའི་ས་ཁུལ་གྱི་གྲས་ཤིག་རེད། མིག་སྔར་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་310དང་རྣམ་གྲངས་ཁག་394ཡོད་ཅིང་། དེའི་ནང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་18དང་རྣམ་གྲངས་ཁག་19ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་72དང་རྣམ་གྲངས་ཁག་76ཡོད་པ། གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་43དང་རྣམ་གྲངས་ཁག་58ཡོད་པ། རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་177དང་རྣམ་གྲངས་ཁག་241ཡོད།

     ཉེ་བའི་ལོ་ཤས་རིང་། ལྷོ་ཁའི་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་ཆད་མེད་པར་རྒྱལ་མཚམས་བསྒྲལ་ནས་ཕྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ད་ལོའི་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་ལྷོ་ཁ་གྲོང་ཁྱེར་གྱི་སྒྱུ་རྩལ་ཚོགས་པ་ནེ་པ་ལར་ལྷ་མོ་དང་ཞབས་བྲོ་སོགས་སྒྱུ་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བར་བསྐྱོད་པ་དང་། “པང་གདན་གྱི་ཕ་ཡུལ”ཞེས་འབོད་པའི་ལྷོ་ཁ་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱིས་བཏགས་པའི་པང་གདན་རྒྱལ་ཁབ་10ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།