འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།ཀུའེ་ཀྲོའུ་ཡི་མི་རིགས་རིག་གནས་ལ་བཀྲག་མདངས་གསར་པ་འཚེར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། མ་གཡོད་ཧྥེང་། ཧོང་ཞན། སུའུ་པིན།

ཀུའེ་ཀྲོའུ་རུ་མི་རབས་ནས་མི་རབས་བར་གནས་སྡོད་བྱེད་པའི་གྲངས་ཉུང་མི་རིགས་17ཡོད་པ་དང་། ཏུང་རིགས་ཀྱི་ལ་གླུས་མཚོན་པའི་མི་རིགས་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པོ་ཡོད། 2021ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས“གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་རྒྱས་དང་གོང་འཕེལ་གཏོང་དགོས”ཞེས་གསུངས་ཡོད། ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས“གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པས། གཟུགས་ཡོད་ཀྱི་གྲོང་ཚོ་དང་། ཡུལ་མིའི་སྡོད་ཁང་། ཁྱད་ཆོས་ལྡན་པའི་སྐྲུན་དངོས་ཀྱི་རྣམ་པ་བཅས་ལ་སྲུང་སྐྱོང་དང་གཟུགས་མེད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་དགོས་པ་མ་ཟད། དེའི་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཀྱི་ཁྱད་ཆོས་དེ་བེད་སྤྱོད་ཁྲོད་དེ་བས་མངོན་གསལ་དོད་པ་དང་བཀྲག་མདངས་གསར་པ་རྒྱུན་ཆད་མེད་པར་འཚེར་བ་བྱེད་དགོས”ཞེས་གསུངས་ཡོད།

རྣམ་པར་བཀྲ་བའི་ཀུའེ་ཀྲོའུ་ཡི་རིག་གནས་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པར། ཀུའེ་ཀྲོའུ་ཡིས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་། གསར་གཏོད། བེད་སྤྱོད་བཅས་རྒྱུན་མཐུད་ངང་ཡག་པོ་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

ཐབས་ལམ་སྣ་ཚོགས་འཚོལ་ཞིབ་བྱས་ནས་སྲུང་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ།

ཀུའེ་ཀྲོའུ་ལྷོ་ནུབ་ཀྱི་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཀྲེན་ཧྥེང་རྫོང་ཀྲེ་ཞང་གྲོང་རྡལ་ན་ཁུང་གྲོང་ཚོའི་རིག་གནས་ཐང་ཆེན་དུ། རྡོ་གཡམ་སྔོན་པོའི་ལམ་ཞིག་གིས་སྐྲུན་དངོས་སྣ་ཚོགས་མུ་ཏིག་སྟར་ལ་རྒྱུད་པ་ལྟར་གཅིག་ཏུ་སྦྲེལ་ཡོད་པ་དང་། དེ་ཡང་པུའུ་དབྱི་རིགས་ཀྱི་རྒྱུད་སྐུད་བརྒྱད་ཀྱི་དཀྲོལ་གཏོང་ནང་སྤྱོད་པའི་རོལ་ཆ་ཡུའེ་ཆིན་ཟེར་བ་དང་འདྲ་པོ་ཡོད།

ན་ཁུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེན་ལི་ཅང་གིས“གཉེར་འཛུགས་འཆར་འགོད་ལ་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྒྱུ་འདུས་པ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པས། མང་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོས་འཆམ་གཅིག་མཐུན་བྱུང་ཡོད”ལོ་ངོ་600ཙམ་གྱི་ལོ་རྒྱུས་ལྡན་པའི་པུའུ་དབྱི་གནའ་བོའི་གྲོང་སྡེར་ཡུལ་མིའི་སྡོད་ཁང་ཉམས་བཟོའམ་ཡང་ན་གསར་དུ་བསྐྲུན་པར་གྲོང་ཚོ་ནས་རྫོང་བར་རིམ་པ་བཞིན་རེ་ཞུ་བྱེད་དགོས་པ་དང་། ད་དུང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ལེན་བྱས་ནས་གནའ་ཉམས་སོར་འཇོག་བྱེད་པའི་འགན་ལེན་ཡང་བྱེད་དགོས་ཞེས་བརྗོད།

མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཛིན་ཡག་པོ་བྱས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། 《ཀུའེ་ཀྲོའུ་ཞིང་ཆེན་གྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་སྐོར་གྱི་སྲོལ་ཡིག》བཏོན་པ་དང་། སྲོལ་རྒྱུན་གྲོང་ཚོ་724ལ་འཆར་འགོད་བཟོས་པ་དང་འབྲེལ་སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱས་པ། 《ཀུའེ་ཀྲོའུ་ཞིང་ཆེན་གྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་སྒྱུར་བཀོད་ཀྱི་མཛུབ་ཁྲིད》སོགས་ལག་རྩལ་ཚད་ལྡན་བཟོས་པ། ཁྲིམས་འཛིན་ཐོག་ནས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་པ། སྲོལ་རྒྱུན་གྲོང་ཚོའི་གྲངས་འཛིན་རྟེན་མཛོད་ཁང་480ལྷག་ཙམ་བསྟུད་མར་བསྐྲུན་པ་སོགས་མིག་སྔར། ཀུའེ་ཀྲོའུ་ཡི་ལས་དོན་སྤེལ་སྟངས་13སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བེད་སྤྱོད་ཀྱི་འདྲ་བཟོ་ཆོག་པའི་ཉམས་མྱོང་གི་རྩིས་ཐོའི་ནང་བཅུག་ཡོད།

གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་གསར་གཏོད་མཚོན་པར་སྐུལ་འདེད་བཏང་བ།

ཟླ་3ཚེས་10ཉིན། ཀུའེ་ཀྲོའུ་ལྷོ་རྒྱུད་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་སན་ཏུའུ་ཧྲུའེ་རིགས་རང་སྐྱོང་རྫོང་ནས་ཐོན་པའི་ཧྲུའེ་རིགས་ཀྱི་འཚེམ་དྲུབ་ཧྥ་རན་སེའི་ཕ་རི་སིའི་གྱོན་ཆས་གཟའ་འཁོར་ལ་ཞུགས་ཡོད། ཧྲུའེ་རིགས་འཚེམ་དྲུབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཝེ་ཐའོ་ཧྭ་ཡིས“དེ་ནི་རི་ཁུག་གི་དར་སྲོལ་ཞིག་རེད། ཧྲུའེ་རིགས་འཚེམ་དྲུབ་རྟ་རྔའི་ཁྱད་ལྡན་རྒྱུ་ཆ་དང་འཚེམ་དྲུབ་རྒྱག་སྟངས་ལ་བརྟེན་ནས་ལོ་ངོ་སྟོང་རྒྱུན་འཛིན་བྱས་པར་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད”ཅེས་བརྗོད།

སྲོལ་རྒྱུན་གྱི་ཁུར་ཐག་ནས་གྱོན་ཆས་ཀྱི་གཞི་རྒྱུ་བར་དང་། འཚེམ་དྲུབ་རྒྱག་སྟངས་རྐྱང་པ་ནས་དངུལ་ཚཌ་རྒྱག་པའི་བར། རང་སོའི་ཁྱད་ཆོས་ལྡན་པའི་དགོས་མཁོ་དང་རྒྱུན་ཆད་མེད་པར་འཚམ་པར་བྱས་ཤིང་། ཝེ་ཐའོ་ཧྭ་ཡིས་ཧྲུའེ་རིགས་ཀྱི་འཚེམ་དྲུབ་བརྩམས་ཆོས་བརྒྱ་ལྷག་ཙམ་ཇུས་འགོད་བྱས་ནས་ཉེ་འཁོར་གྲོང་ཚོའི་འཚེམ་དྲུབ་རྒྱག་མཁན་བརྒྱ་ལྷག་ཙམ་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས་ཡོད།

མི་རིགས་ཀྱི་རིག་གནས་གསར་གཏོད་བྱེད་པར་སྟོབས་ཤུགས་ཟམ་མི་ཆད་པར་བསྣན་ཞིང་། “ལོ་ལྔ་ཚན་བཅུ་བཞི”ཚུན་དུ། ཀུའེ་ཀྲོའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། སྲོལ་རྒྱུན་བཟོ་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོད་ལྟའི་རྫོང་6གསར་དུ་བཙུགས་པ་དང་། སྲོལ་རྒྱུན་བཟོ་རྩལ་དར་རྒྱས་རྣམ་གྲངས་ཁག་5ལག་བསྟར་བྱས་པ། རིམ་པ་དབྱེ་ནས་ཤེས་ལྡན་པའི་སྐས་རིམ་གསོ་སྦྱོང་སློབ་གསོའི་མ་ལག་བཙུགས་ཏེ་སློབ་གྲྭ་11དང་མངོན་མིན་རིག་གནས་ཤུལ་བཞག་ཁེ་ལས་26མངོན་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་གསོ་སྦྱོང་རྟེན་གཞིར་བསྐྲུན་ཡོད།

ལས་རྣམ་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་བཏོད་པ།

ས་སྲོས་སུ་ཀྲའོ་ཤིང་ཏུང་རིགས་གྲོང་སྡེའི་ཤིན་ཐོན་རྔ་མཁར་མདུན་དུ་ཏུང་རིགས་ཀྱི་ལ་གླུ་སྙན་མོ་ཞིག་གྲགས།

“རིག་རྩལ་བྱེད་སྒོ་དང་མི་རིགས་རིག་གནས”ཟུང་དུ་འབྲེལ་བ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། 2024ལོར་ཀྲའོ་ཤིན་ཏུང་རིགས་གྲོང་སྡེས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་102.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་63.4%འཕར་ཡོད། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.16ཙམ་ཟིན་ནས་12.3%འཕར་ཡོད། ཀུའེ་ཀྲོའུ་ཡིས“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”དང་། “གྲོང་ཚོའི་BA” “གྲོང་ཚོའི་དགོང་ཚོགས”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རོལ་ཆ་དང་། ཏུང་རིགས་ཀྱི་ལ་གླུ། ལཱ་ཚོས་རྒྱག་རྩལ་སོགས་ཀྱིས་མཚོན་པའི་མི་རིགས་རིག་གནས་ལུང་ཁུག་ནས་ཕྱོགས་བཞིར་ཁྱབ་གདལ་ཐུབ་པར་བྱས་ཡོད།

རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས་ཡུལ་སྐོར་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་ཞིང་། ཀུའེ་ཀྲོའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་གི་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་ཆེན་པོ་བཅུ་བཏོན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དང་མངོན་མིན་རིག་གནས་ཤུལ་བཞག་བསམ་བཀོད་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་འཛད་སྤྱོད་བྱེད་སྟངས་གསར་གཏོད་བྱས་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་ཉམས་ལེན་བར་མཐོངས་200ལྷག་ཙམ་གསར་དུ་བཏོད་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་སྤུས་རྟགས་ཁག་གཅིག་བཏོད་ཡོད།

མི་རིགས་རིག་གནས་ཉིན་རེ་བཞིན་དར་རྒྱས་སོང་ནས། རྣམ་པར་བཀྲ་བའི་ཀུའེ་ཀྲོའུ་དེ་བས་ངོ་མཚར་ཆེ་རུ་ཕྱིན་ཞིང་། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཞུས་ལིན་གྱིས“ཀུའེ་ཀྲོའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཁྱད་ལྡན་རིག་གནས་ཐོན་ཁུངས་མ་ལག་སྲུང་སྐྱོང་ཡག་པོ་དང་སྔོག་འདོན་བེད་སྤྱོད་ཡག་པོ་བྱས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཤེས་དཔལ་གྱི་སྲོལ་གསར་སྐྱེད་སྲིང་ཧུར་ཐག་བྱས་ནས་རྣམ་པར་བཀྲ་བའི་ཀུའེ་ཀྲོའུ་ཅེས་རིག་གནས་ཀྱི་ཞིང་ཆེན་སྟོབས་ཆེན་མགྱོགས་མྱུར་བསྐྲུན་རྒྱུ་རེད”ཅེས་བརྗོད།

(བདེ་དབང་དང་པ་ཕན་གྱིས་སྒྱུར་ཞུས་བྱས)