འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་6ཉིན།

༄༅།།སྡེ་ཚན་ལྔས་བརྡ་ཐོ་བཀྲམ་ནས།2025ལོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་06ཉིན། 10:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། བཟོ་འཕྲིན་པུའུ་སོགས་སྡེ་ཚན་ལྔས་བརྡ་ཐོ་བཀྲམ་ནས་2025ལོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོས“ལྗང་མདོག་དང་། ཐཱན་ཉུང་། རིག་ནུས། བདེ་འཇགས་བཅས་ཀྱིས་གྲོང་གསེབ་གསར་པར་མཐུན་རྐྱེན་སྦྱོར་བ་དང་འགྲུལ་བཞུད་བྱེད་སྟངས་གསར་པ་ལོངས་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་གྲོང་གསེབ་ས་ཁུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་བེད་སྤྱོད་ཀྱི་ཞན་ཆ་མགྱོགས་མྱུར་བསལ་ནས་ལྗང་མདོག་ཐཱན་ཉུང་དང་རིག་ནུས་བདེ་འཇགས་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་འགྲུལ་བཞུད་མ་ལག་འཛུགས་ཆེད་རེད།

བྱེད་སྒོ་སྤེལ་རིང་གྲོང་གསེབ་ས་ཁུལ་གྱི་བེད་སྤྱོད་དགོས་མཁོ་སྐོང་ཐུབ་པ་དང་། གདེང་འཇོག་ཡག་པ། སྤུས་ཚད་བློས་འགེལ་ཆོག་པ་བཅས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་བདམས་ཏེ། འགྲེམས་སྟོན་དང་ཚོད་གཏོང་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་བཙོངས་རྗེས་ཀྱི་ཉམས་བཟོའི་ཞབས་ཞུའི་ཁེ་ལས་དང་། གློག་གསོག་པ་དང་གློག་རྫས་བརྗེ་བའི་ཞབས་ཞུའི་ཁེ་ལས། འགན་བཅོལ་དང་ཡིད་རྟོན་དངུལ་བུན་སོགས་དངུལ་རྩའི་ཞབས་ཞུའི་ཁེ་ལས་བཅས་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་ཁྱབ་གདལ་གཏོང་བར་མཐུན་སྦྱོར་བྱེད་པ། རླངས་འཁོར་དྲ་བའི་མཉམ་འགུལ་ལག་རྩལ་གྲོང་གསེབ་ས་ཁུལ་དུ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། རླངས་འཁོར་ཉོ་བའི་དཔྱ་ཁྲལ་དང་རླངས་འཁོར་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་ཏུ་གཏོང་བ། རླངས་འཁོར་རྙིང་པ་གསར་པར་བརྗེ་བ། རྫོང་ཁོངས་ཀྱི་གློག་གསོག་པ་དང་གློག་རྫས་བརྗེ་བའི་སྒྲིག་ཆས་ཀྱི་ཞན་ཆ་སེལ་བ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རླངས་འཁོར་ཁེ་ལས་ཀྱིས་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་མ་བཏང་ཡོད།

བྱེད་སྒོ་སྤེལ་རིང་ད་དུང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་བའི་བསྡུར་ཚད་མཐོ་པོ་མེད་པ་དང་ཁྲོམ་རའི་གཏིང་ཤུགས་ཅུང་ཆེ་བའི་རྫོང་ཁོངས་ཀྱི་དཔེ་མཚོན་གྲོང་ཁྱེར་ཁག་གཅིག་བདམས་ནས་ཆེད་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་འབྲེལ་དེ་ལྟེ་བར་བྱས་ནས་མཐའ་འཁོར་གྱི་ཤང་གྲོང་ལ་ཁྱབ་པར་བྱས་པ་མ་ཟད། རིགས་ཁག་གི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་། ཕྱིར་ཚོང་། དངུལ་རྩ། གློག་གསོག་པ་དང་གློག་རྫས་བརྗེ་བ། དེ་བཞིན་བཙོངས་རྗེས་ཀྱི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་གཉེར་སྐྱོང་བྱེད་པོ་མཉམ་དུ་ཞུགས་པར་སྐུལ་མ་ཡང་བཏང་ཡོད་པ་དང་། “རླངས་འཁོར་ཉོ་བའི་གཟིགས་སྐྱོང་དང་། ནུས་རྒྱུ་གསར་པའི་རླངས་འཁོར་བེད་སྤྱོད་ལ་རྒྱབ་སྐྱོར། ཞབས་ཞུའི་འགན་སྲུང་བཅས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི་ཕྱིར་ཚོང་ཇུས་གཞི་བཟོས་ནས་རླངས་འཁོར་ཉོ་བ་དང་། གཏོང་བ། ཉམས་བཟོ་བཅས་ཀྱི་འཁོར་ཡུན་ཧྲིལ་པོར་ཁྱབ་པའི་བཙོངས་རྗེས་ཀྱི་ཞབས་ཞུའི་དྲ་བ་འཐུས་སྒོ་ཚང་དུ་བཏང་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེས་ཞུས)